འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་དུས་བབ་ཀྱི་ལས་འགན་སྒྲོག་འགྲེལ་
    སྙན་ཞུའི་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་23ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
            མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་བཞི་པའི་སྐོར་གཟིགས་ཚུར་ལན་བསམ་འཆར་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། ཉེ་ཆར་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ལྗོངས་ཏང་ཨུད་འཆད་ཁྲིད་ཚོགས་པས་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་དུས་བབ་ཀྱི་ལས་འགན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ་རེད།
            སྙན་ཞུའི་ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་འཆད་ཁྲིད་ཚོགས་པའི་ཁོངས་མི་དང་། ལྗོངས་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཧའོ་ཐའོ་ཡིས་༼གཡོ་འགུལ་སྤུ་ཙམ་མེད་པའི་ངང་མཐའ་མཚམས་སྲུང་སྐྱོང་དང་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱས་ནས་ཡུན་རིང་བདེ་འཁོད་ལ་སྐུལ་སྤེལ་གཏིང་ཟབ་གཏོང་དགོས་༽ཞེས་འགོ་བརྗོད་དུ་འཁོད་པའི་སྙན་ཞུ་གནང་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལོ་རྒྱུས་དང་དོན་དངོས་དང་། རྒྱལ་ཁབ་འཐབ་ཇུས་ཁྲོད་ཀྱི་བོད་ཀྱི་ངེས་གནས། ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་གནས་ཚུལ། བརྟན་ལྷིང་སྲུང་སྐྱོང་ལ་འཕྲད་པའི་དུས་བབ་དང་ལས་འགན་སོགས་ཕྱོགས་བཞིའི་ཐད་ནས་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོར་གསོན་ཉམས་དོད་པའི་རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། དུས་བབ་སྲིད་ཇུས་བཅས་ཀྱི་སློབ་གསོ་བཏང་བ་རེད།
           ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་རིག་གཞུང་ཁྲུའུ་ཡི་ཀྲེན་རུན་ཆི་ཡིས་སྙན་ཞུའི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། ནང་དོན་ཕུན་སུམ་ཚོགས་པ། དོན་ཟབ་ཚིག་གསལ་བཅས་ཡོད་པ་དང་། མིག་སྔའི་དུས་བབ་བརྗོད་ཡོད་ལ་འབྱུང་འགྱུར་གྱི་བསམ་གཞིག་ཀྱང་གླེང་ཡོད། མིག་སྔའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དུས་བབ་སྟངས་འཛིན་ཡང་དག་དང་། རྒྱས་བཤད་གསོན་ཉམས་དོད་པ། དབྱེ་ཞིབ་ཁ་གསལ་བ་བཅས་བྱས་འདུག་པས་ང་ཚོར་སློབ་གསོ་ཟབ་མོ་ཐེབས་པ་དང་བློ་སྒོ་ཕྱེ་བ་མ་ཟད་སྐུལ་ལྕག་ཀྱང་ཆེན་པོ་ཐེབས་བྱུང་། ངས་རང་ཉིད་ནས་འགོ་བཙུགས་ཏེ་ཕུགས་བསམ་དད་སེམས་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་རྒྱུ་དང་འབྲེལ་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་བསམ་བློ་ནན་པོ་བཏང་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དེ་བས་མང་བས“ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ”བཅས་བྱེད་ཐུབ་རྒྱུར་སློབ་གསོ་དང་། ཤུགས་རྐྱེན། སྐུལ་ཁྲིད་བཅས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
           རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་དྲིལ་བསྒྲགས་སློབ་གསོ་པུའི་པུའུ་ཀྲང་ཟླ་ཤིས་ཀྱིས་ད་ཐེངས་སྙན་ཞུ་ཉན་པ་བརྒྱུད་ང་ཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཁ་ཕྲལ་རུ་ཚོགས་ཀྱི“རང་བཞིན་གསུམ”གྱི་ངོ་བོ་དེ་བས་གསལ་ཤེས་ཐུབ་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དུས་བབ་ཀྱི་ཛ་དྲག་རང་བཞིན་དང་། རྙོག་འཛིང་རང་བཞིན། ཡུན་རིང་རང་བཞིན་བཅས་དེ་བས་གསལ་བ་ཤེས་ཐུབ་སོང་བས་ཁ་ཕྲལ་ཕྱོགས་གཏོགས་དང་འཐབ་རྩོད་བྱེད་པའི་ང་ཚོའི་གདེང་ཚོད་དང་ཆོད་སེམས་བརྟན་དུ་ཕྱིན་སོང་། སླད་ཕྱིན་གྱི་ལས་དོན་ནང་ང་ཚོས་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་རྒྱ་ཆེའི་ལས་བཟོ་མང་ཚོགས་ཚོར་སློབ་གསོ་དང་ཁྲིད་སྟོན་ཡང་དག་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཁོང་ཚོའི་འདུ་ཤེས་ཟབ་ཏུ་བཏང་སྟེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ཏན་ཏིག་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
           ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཝང་ནེང་ཧྲེང་གིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཐུན་མོང་ཐོག་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཏང་ཡོན་ལས་བྱེད་པ་ཚང་མའི་འགན་འཁྲི་གལ་ཆེན་ཞིག་རེད། ལས་དོན་དངོས་ནང་ང་ཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཁ་ཕྲལ་རུ་ཚོགས་དང་འཐབ་རྩོད་བྱེད་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་གོ་བ་གཏིང་ཟབ་ལེན་པ་དང་། རང་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་སྟངས་འཛིན་ཡང་དག་བྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཁ་ཕྲལ་རུ་ཚོགས་ཀྱི་སིམ་འཛུལ་གཏོར་བཤིག་བྱེད་སྤྱོད་ཀྱི་བྱ་ཐབས་གསར་པ་དང་འཕེལ་ཕྱོགས་གསར་པ་ཤེས་རྟོགས་ནན་པོ་བྱེད་པ། རྩ་དོན་གལ་ཆེན་ཞིག་ཡིན་པའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གནད་དོན་ཐད་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ། དར་ཆ་གསལ་སྟོན། ལངས་ཕྱོགས་བརྟན་པོ། ངོས་འཛིན་གཅིག་གྱུར། རྣམ་འགྱུར་ཐག་ཆོད་པོ། གོམ་སྟབས་གཅིག་མཐུན་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཁ་ཕྲལ་རུ་ཚོགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ་རང་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཧུར་ཐག་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།