འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་23ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། སྤྱི་ཚེས༢༢ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་ཐེངས་གཉིས་པའི་གྲོས་ཞིབ་མ་ཟིན་ནང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁོངས་གཏོགས་ཀྱི་ཁྲིམས་འཛུགས་དབང་ཆའི་ཁྲོད་ཀྱི་ཁྲལ་བསྡུའི་གཞི་རྩའི་ལམ་ལུགས་ཞིབ་ཕྲ་ཅན་དུ་བཏང་བ་དང་། ཁྲལ་རིགས་དང་ཁྲལ་འཇལ་མཁན། ཁྲལ་བསྡུ་ཡུལ། ཁྲལ་རྩིས་ཀྱི་གཞི་འཛིན་ས་བཅས་གཏན་འཁེལ་བྱས་ཡོད་པ་དང་། ཁྲལ་ཚད་དང་དཔྱ་ཁྲལ་བསྡུ་ལེན་དོ་དམ་སོགས་དཔྱ་ཁྲལ་གྱི་གཞི་རྩའི་ལམ་ལུགས་དེ། བཅའ་ཁྲིམས་ལྟར་གཏན་འཁེལ་བྱ་དགོས་ཀྱི་ཡོད་པ་རེད།
          ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག ཁྲལ་བསྡུའི་ཁྲིམས་བཀོད་རྩ་དོན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་པ་བཏོན་ཡོད། འཆར་ཟིན་ལ་ཐེངས་དང་པོའི་གྲོས་ཞིབ་བྱེད་སྐབས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འགའ་རེ་ནས། ཉེས་ཁྲིམས་གཏན་འཁེལ་དང་དཔྱ་ཁྲལ་ཁྲིམས་བཀོད་ཚང་མ་ནི་ཁྲིམས་སྐྱོང་རྩ་དོན་ཡིན་པ་དང་། ཁྲིམས་འཛུགས་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པར་ནག་ཉེས་དང་ཉེས་ཁྲིམས་ཀྱི་དོན་ཚན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱེད་པའི་དབང་ཆ་མེད་པ་དང་། ཁྲལ་བསྡུའི་ཁྲིམས་བཀོད་ཀྱི་རྩ་དོན་ལའང་གོང་དང་འདྲ་བའི་གཏན་འཁེལ་གཅིག་མཚུངས་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
          ཁྲལ་བསྡུའི་ཁྲིམས་འཛུགས་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་བཀོད་དབང་ཆ་ཡིན། རྒྱུས་ལོན་བྱུང་བར་གཞིགས་ན། ད་ཆ་རང་རྒྱལ་དུ་ཁྲལ་རིགས་བཅོ་བརྒྱད་ཡོད་པ་དང་། དེའི་ནང་གི་རིགས་གསུམ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་འཛུགས་བརྒྱུད་བསྡུ་ལེན་བྱེད་པ་དང་། ཁག་སོ་སོ་ནི་མི་སྒེར་ལ་ཐོབ་པའི་དཔྱ་ཁྲལ་དང་ཁེ་ལས་ལ་ཐོབ་པའི་དཔྱ་ཁྲལ། རླངས་འཁོར་དང་གྲུ་གཟིངས་ཀྱི་དཔྱ་ཁྲལ་བཅས་ཡིན། དེ་མིན་གྱི་དཔྱ་ཁྲལ་རིགས་བཅོ་ལྔ་དེ་དག་མིག་སྔར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་སྤྲད་ནས་གཏན་འབེབས་བྱས་པའི་གནས་སྐབས་ལག་བསྟར་དོན་ཚན་ལྟར་བསྡུ་ལེན་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།