འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།>>མཚོ་སྔོན།

    ༄༅།།མི་ཐབས་ལ་བརྟེན་ནས་ཆར་པ་མང་དུ་བཏང་བས་གཙང་གསུམ་ཆུ་འགོར་
    ཆར་ཆུ་མང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་22ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་ནས་མཁོ་འདོན་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིཊ་ན། ས་ཞིང་བྱེ་འགྱུར་དུ་འགྲོ་ཚུལ་བཀག་འགོག་བྱས་ནས་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། འདི་ལོ་མཚོ་སྔོན་གྱིས་མི་ཐབས་ལ་བརྟེན་ནས་ཆར་པ་མང་དུ་བཏང་བས་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་ཆར་པ་འབབ་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་༣༡.༥༦མང་དུ་ཕྱིན་པ་དང་ཆར་པ་འབབ་ཚད་དེ་ཧང་ཀྲོའུ་ཡི་ཤིས་ཧུའུ་མཚེའུ་༢༢༠ཡི་ཆུའི་མང་ཉུང་དང་ཧ་ལམ་འདྲ་པོ་ཡོད་པ་རེད།
         གཙང་གསུམ་ཆུ་འགོ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པའི་དབང་གིས་མིང་དེ་ལྟར་བཏགས་ཡོད། འབྲི་ཆུའི་ནང་གི་ཆུ་༢༥%དང་། རྨ་ཆུའི་ནང་གི་ཆུ་༤༩% རྫ་ཆུའི་ནང་གི་ཆུ་༡༥%བཅས་གཙང་གསུམ་ཆུ་འགོ་ནས་རྒྱུག་གི་ཡོད་པས་ལོ་ལྟར་སྨད་རྒྱུད་དུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་༦༠༠ལྷག་ཙམ་འབབ་ཀྱི་ཡོད། དེ་ནི་ཀྲུང་གོ་ཙམ་མ་ཟད་ཐ་ན་ཨེ་ཤེ་ཡའི་སྣོད་བཅུད་སྲུང་ཡོལ་དང་ཆུ་འགོ་སྲུང་སྐྱོང་ཁུལ་གལ་ཆེན་ཞིག་ཡིན་པས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་པའི་མཚན་སྙན་ཡང་ཐོབ་ཡོད།
         རྨ་ཆུའི་ཆུ་འགོའི་ཁུལ་དུ་གནས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་དུ་མཚེའུ་ཆེ་ཆུང་མི་འདྲ་བ་༤༠༧༧ཡོད་པས“མཚེའུ་སྟོང་གི་རྫོང”ཞེས་བརྗོད་ཀྱི་ཡོད་མོད། འོན་ཀྱང་དུས་རབས་གོང་མའི་ལོ་རབས་༩༠ནས་བཟུང་ཕྱུགས་འཚོ་ཐལ་ཤོར་བ་སོགས་ཀྱིས་རྐྱེན་པས་དེ་གའི་མཚེའུ་ཧ་ཅང་ཉུང་དུ་ཕྱིན་པ་རེད། ༢༠༠༤ལོར་སླེབས་སྐབས་དེ་གའི་མཚེའུ་༩༠%ཡན་སྐམ་པའམ་ཡང་ན་མེད་པར་གྱུར་ནས་ཆུ་རྒྱུན་གཅིག་པའི་མཚེའུ་སྐྱ་རིང་དང་སྔོ་རིང་བར་ཆུ་རྒྱུན་ཆད་པའི་གནས་ཚུལ་ཐོན་ཡོད།
         ༢༠༠༦ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་ཆུ་འགོའི་ཁུལ་དུ་མི་ཐབས་ལ་བརྟེན་ནས་ཆར་པ་མང་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པའི་དབང་གིས་གཙང་གསུམ་ཆུ་འགོའི་ཁུལ་གྱི་འདམ་རའི་རྒྱ་ཁྱོན་ཆེ་རུ་ཕྱིན་ནས་ས་ཁུལ་དེ་གའི་སྣོད་བཅུད་ཡོངས་ལེགས་སུ་ཕྱིན་ཡོད། མི་ཐབས་ལ་བརྟེན་ནས་ཆར་པ་མང་དུ་གཏོང་བའི་ལས་དོན་དེ་གཙོ་བོ་གཙང་གསུམ་ཆུ་འགོའི་ཆུ་དཀོན་པའི་ས་ཁུལ་དང་དེ་བཞིན་རྩྭ་ར་གསབ་འདེབས་དང་རྩྭ་ར་ཞན་འགྱུར་བྱས་ནས་ཆགས་པའི་འདམ་འགྱུར་གྲམ་ཐང་བཅོས་སྒྲིག་ཁུལ་དུ་བྱེད་ཀྱི་ཡོད། གཙང་གསུམ་ཆུ་འགོ་དེ་སྐམ་སའི་དབུས་རྒྱུད་དུ་ཆགས་ཤིང་གནམ་གཤིས་སྐམ་ཤས་ཆེ་བས་ཆར་པ་མང་དུ་བཏང་བ་དེས་བྱེ་ཐང་དུ་འགྱུར་ཚད་ཞི་ལྷོད་དུ་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད།
         འདི་ལོ་ཁྱོན་མ་དངུལ་སྒོར་དུང་ཕྱུར་༡༦༠.༦བཏང་ནས་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྣོད་བཅུད་སྲུང་སྐྱོང་གི་ཕྱོགས་བསྡུས་ཚོད་ལྟ་ཁུལ་འཛུགས་སྐྲུན་དང་དེ་བཞིན་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་སྤེལ་འགོ་བཙུགས་ཡོད། དུས་ཐེངས་གཉིས་པའི་ལས་གྲྭའི་འཆར་འགོད་གཞིར་བཟུང་། ༢༠༢༠ལོར་སླེབས་སྐབས་གཙང་གསུམ་ཆུ་འགོའི་ཁུལ་དུ་ནགས་ཚལ་ཁྱབ་ཚད་༤.༨%ནས་༥.༥%བར་མཐོ་རུ་འགྲོ་ཐུབ་པ་དང་ས་ཁུལ་དེ་གའི་ས་ཞིང་བྱེ་འགྱུར་དུ་སོང་ཚད་བཀག་འགོག་ནུས་ལྡན་ཐུབ་པ་དང་ས་ཆུ་སྲུང་ནུས་དང་ཆུ་འགོ་སྲུང་ནུས་བརྟན་པོའི་ངང་ཆེ་རུ་འགྲོ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།