འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡི་བོད་ཡིག་གནའ་གཞུང་དང་ཚད་ལྡན་ཡིག་ཆ་རྩོམ་སྒྱུར་ལྟེ་གནས་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་19ཉིན། 07:55】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་15ཉིན་ཀན་སུའུ་ཞིང་ཆེན་བོད་ཡིག་གནའ་གཞུང་དང་ཚད་ལྡན་ཡིག་ཆ་རྩོམ་སྒྱུར་ལྟེ་གནས་ཀྱི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བའི་མཛད་སྒོ་དེ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དུ་སྤེལ་ཞིང་། ཞིང་ཨུད་ཀྱི་རྒྱུན་ཨུ་ཞིང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ལེན་ཅི་མཛད་སྒོར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད།
          ཀན་སུའུ་ཞིང་ཆེན་བོད་ཡིག་གནའ་གཞུང་དང་ཚད་ལྡན་ཡིག་ཆ་རྩོམ་སྒྱུར་ལྟེ་གནས་དེ་ཀན་སུའུ་ཞིང་ཆེན་རིག་གནས་མཐོར་གཏོང་བྱ་སྤྱོད་མཐུན་སྦྱོར་དང་སྐུལ་འདེད་འགོ་ཁྲིད་ཚོགས་ཆུང་གི་མོས་མཐུན་ཐོབ་པ་བརྒྱུད་བཙུགས་པ་ཞིག་ཡིན་པ་མ་ཟད་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་ལ་དུས་རྒྱུན་གྱི་དོ་དམ་བྱ་རྒྱུའི་མངགས་སྐུལ་བྱས་པ་རེད། རྩོམ་སྒྱུར་ལྟེ་གནས་དེའི་ལས་འགན་གཙོ་བོ་ནི་ཀན་སུའུ་ཞིང་ཆེན་གྱི་བོད་རིགས་ས་ཁུལ་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་བོད་ཡིག་གནའ་གཞུང་དང་ཚད་ལྡན་ཡིག་ཆ་མྱུར་སྐྱོབ་དང་། སྲུང་སྐྱོབ། ལེགས་སྒྲིག རྩོམ་སྒྱུར། པར་སྐྲུན་བཅས་བྱེད་པ་དང་བོད་ཡིག་ཚད་ལྡན་ཡིག་ཆ་ལེགས་སྒྲིག་རྩོམ་སྒྱུར་དང་། འབྲེལ་ཡོད་རིག་གཞུང་ཚན་ཁག་འཛུགས་སྐྱོང་། ཤེས་ལྡན་པའི་དཔུང་ཁག་གསོ་སྦྱོང་སོགས་ཀྱི་ལས་འགན་བསྒྲུབ་རྒྱུ་ཡིན་པ་རེད།
           ལེན་ཅི་ཡིས་བོད་ཀྱི་རིག་གནས་ནི་མཁྱེན་དཔྱོད་ཟབ་ཅིང་ཡངས་པར་བརྟེན་བོད་ཡིག་གི་རིག་གཞུང་ལེགས་སྒྲིག་དང་རྩོམ་སྒྱུར་བྱ་རྒྱུ་དེ་ཀན་སུའུ་ཡི་ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་དང་གསར་སྤེལ་ཁུལ་འཛུགས་སྐྱོང་བྱེད་པའི“བྲག་ལེབ་བཅུ་གསུམ”ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཞིང་ཆེན་ཡན་གྱི་ཚན་པ་ཁག་དང་དེ་བཞིན་ཀན་ལྷོ་ཀྲོའུ་ཡིས་རྩོམ་སྒྱུར་ལྟེ་གནས་འཛུགས་སྐྱོང་དང་འཁོར་རྒྱུག་བྱེད་པར་སྲིད་ཇུས་དང་། མཁྲེགས་ཆས། ཤེས་ལྡན་པ་བཅས་ཀྱི་ཐོག་ནས་འགན་ལེན་ཡག་པོ་བྱེད་དགོས། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གིས་རྩོམ་སྒྱུར་ལྟེ་གནས་འཛུགས་སྐྱོང་བྱ་རྒྱུ་དེ་གོ་སྐབས་བཟང་པོར་བརྩིས་ནས་རིག་གཞུང་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱེད་པ། རིག་གནས་རྒྱུན་འཛིན་དང་གསར་གཏོད་བྱེད་པ། རིག་གནས་སྤུས་རྟགས་གཏོད་པ་བཅས་བྱས་ཏེ་ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་དང་གསར་གཏོད་ཁུལ་འཛུགས་སྐྱོང་ལ་སྐུལ་མ་གཏོང་བ་དང་། ཀན་སུའུ་ཡི་རིག་གནས་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བའི་འཐབ་ཇུས་གང་མགྱོགས་ལག་ལེན་བསྟར་བ། ཀན་སུའུ་ཡི་མི་རིགས་རིག་གནས་ཀྱི་ཤུགས་རྐྱེན་དང་ཁྱབ་སྤེལ་ནུས་པ་རྒྱ་ཆེར་གཏོང་བ་བཅས་བྱ་ཕྱིར་འབུལ་འོས་པའི་ལེགས་སྐྱེས་འབུལ་བ་དང་བོད་ཡིག་གནའ་གཞུང་རྩོམ་སྒྱུར་ལྟེ་གནས་དེ་ཀན་སུའུ་ཡི་གྲགས་ལྡན་སྤུས་རྟགས་དང་རྒྱལ་ཡོངས་ཀྱི་སྤུས་རྟགས་ཤིག་ཏུ་འགྱུར་བ་བྱེད་དགོས་ཞེས་བཤད་པ་རེད།
           ཡོལ་ཁེབས་ཕྱེ་བའི་མཛད་སྒོ་མཇུག་འགྲིལ་རྗེས་ལེན་ཅི་ཡིས་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་ཨ་མདོའི་བོད་ཡིག་གནའ་གཞུང་ལྟེ་གནས་དང་། ཐང་གའི་སྒྱུ་རྩལ་ལྟེ་གནས། མཚོ་བོད་ས་མཐོའི་སྲོག་ཆགས་དང་རྩི་ཤིང་ཤེས་ཚོར་ཁང་སོགས་ལ་བསྐྱོད་དེ་བརྟག་ཞིབ་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།