འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་ལོ་2014ལོའི་དཔལ་འབྱོར་སྤུས་ཚད་མཐོར་གཏོང་དང་ནུས་འབྲས་ཆེ་རུ་གཏོང་བའི་
    དུས་མཚམས་གསར་པར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་18ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། རྒྱུན་རྣམ་གསར་པར་སླེབས་བཞིན་པའི་ཀྲུང་གོའི་དཔལ་འབྱོར་ལ་སྤྱི་ལོ་2014ལོར་རྒྱལ་སྤྱི་དང་རྒྱལ་ནང་གི་ཛ་དྲག་པའི་འགྲན་རྩོད་འཕྲད་ཡོད་པ་དང་། དཔལ་འབྱོར་འཕར་སྣོན་མྱུར་ཚད་ཀྱིས་མུ་མཐུད་དཔལ་འབྱོར་མ་ལག་གཙོ་བོར་སྣེ་ཁྲིད་ཐུབ་པའི་རེ་བ་ཡོད་ཅིང་། དེ་བས་མི་རྣམས་ཀྱི་དོ་ཁུར་ཐོབ་པ་ནི། བསྒྱུར་བཅོས་དང་གསར་གཏོད་གཉིས་ཀྱི་སྐུལ་སློང་འོག ཀྲུང་གོའི་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སུ་འགྲོ་བ་དང་། གོང་འཕེལ་སྤུས་ཚད་མཐོ་རུ་འགྲོ་བ། དཔལ་འབྱོར་མ་ལག་ནང་ཁུལ་དུ་འགྱུར་བ་གཏིང་ཟབ་འགྲོ་བཞིན་ཡོད་པ་རེད།
         འདི་ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར། རིགས་ཁག་གི་ཉེན་ཁའི་མ་འཇོག་ལས་ཁུངས་ཀྱིས་མི་དམངས་ཤོག་སྒོར་དུང་ཕྱུར་ཆིག་སྟོང་འགུལ་ཁྱེར་དྲ་སྦྲེལ་དང་། གློག་རྡུལ་ཚོང་དོན། བདེ་ཐང་སྨན་བཅོས། དངུལ་རྩའི་ཞབས་ཞུ་སོགས་ལག་རྩལ་དང་ཤེས་ལྡན་པ་རུབ་བསྡུས་ཆེ་བའི་ལས་རིགས་འདི་དག་ལ་བཏང་ཡོད་པ་རེད།
         ཐོན་ལས་རིམ་པ་འབྲིང་རིམ་དང་མཐོ་རིམ་ལ་འགྲོ་འགོ་ཚུགས་པ་དང་དུས་མཚུངས། ཞབས་ཞུའི་ལས་རིགས་དེ་ཉིད་དཔལ་འབྱོར་འཕར་སྣོན་ཡོང་ཁུངས་ཆེ་ཤོས་ལ་གྱུར་ཡོད་པ་དང་། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་སྣོན་ལ་ལེགས་སྐྱེས་འབུལ་ཚད་བརྟན་པོའི་ངང་འཕར་སྣོན་ཕྱིན་ནས། མ་འཇོག་ལས་བརྒལ་ཏེ་དཔལ་འབྱོར་འཕར་སྣོན་གྱི་འགུལ་ཤུགས་ཨང་དང་པོར་གྱུར་ཡོད་པ་རེད། དེ་བས་དགའ་འོས་པ་ཞིག་ནི་གསར་གཏོད་ཀྱི་འགུལ་ཤུགས་དེ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ངོས་འཛིན་ལ་འགྱུར་བཞིན་ཡོད་པ་རེད།
          བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ཤེས་ལྡན་པ་དང་ལག་རྩལ་རུབ་བསྡུས་ཆེ་བའི་ཆ་འཕྲིན་རྒྱུད་སྤེལ་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་དང་། ཚན་རིག་ཞིབ་འཇུག་དང་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་གསར་དུ་ཐོ་འགོད་ཁེ་ལས་ཀྱི་གྲངས་འབོར་བཅས་ཁག་སོ་སོར་བརྒྱ་ཆ་98དང་གྲངས་ཆུང་5དང་བརྒྱ་ཆ་71དང་གྲངས་ཆུང་4འཕར་ཡོད་པ་རེད།
          སླེབས་གྲབས་ཡོད་པའི་སྤྱི་ལོ་2015ལོ་དེ། ཀྲུང་གོའི་དཔལ་འབྱོར་གྱི་ངོས་ནས་བཤད་ན་འགག་རྩའི་ལོ་ཞིག་ཡིན་ཞིང་། དེ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པ་མཇུག་ཡག་པོ་སྒྲིལ་ཐུབ་མིན་དང་འབྲེལ་བ་ཡོད་ལ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་བདེ་བླག་ངང་འགོ་འཛུགས་ཐུབ་མིན་དང་ཡང་འབྲེལ་བ་ཡོད། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་དཀའ་གནད་ཁག་ལས་རིམ་བཞིན་འགྲོལ་བ་དང་བསྟུན་ནས། ཁྲོམ་རའི་གསོན་ཤུགས་དང་དཔལ་འབྱོར་གྱི་སྒུལ་ཤུགས་དེ་བས་མང་བ་སྐུལ་སློང་ཐུབ་རྒྱུ་དང་། རྣམ་པ་བརྗེ་སྒྱུར་དང་རིམ་འཕར་གྱི་གོམ་སྟབས་ཟམ་མི་ཆད་པར་མགྱོགས་སུ་འགྲོ་རྒྱུ་ཡིན་པས། ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུའི་མདུན་ལྗོངས་ལ་རེ་སྒུག་བྱེད་འོས་པ་ཞིག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།