འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གིས་སང་ལོའི་ལས་འགན་ཆེན་པོ་ལྔ་བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་16ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༡༡ཉིན་མཇུག་སྒྲིལ་བའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག ཧུར་བརྩོན་ཆེན་པོས་དཔལ་འབྱོར་བརྟན་པོའི་སྒོ་ནས་འཕར་སྣོན་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དེ་སང་ལོའི་དཔལ་འབྱོར་ལས་དོན་གྱི་ལས་འགན་གཙོ་བོ་ལྔའི་ཁྲོད་ཀྱི་ཨང་དང་པོར་བཞག་ཡོད་པ་རེད། དཔལ་འབྱོར་རིག་པའི་མཁས་དབང་གིས་དཔྱད་གདེང་བྱས་པར། སང་ལོའི་དཔལ་འབྱོར་འཕར་ཤུགས་ཆག་པའི་གནོན་ཤུགས་ད་ལོ་ལས་ཆེ་བ་ཡོང་བཟོ་ཡོད་པར་བསམ་གཞིགས་བྱས་ནས་ཇུས་འགོད་བང་རིམ་ནས་སྔར་བས་བརྟན་པོའི་སྒོ་ནས་འཕར་སྣོན་ཡོང་བར་ནན་བཤད་བྱེད་རྒྱུའི་དགོས་པ་ཡོད། འོན་ཀྱང་སང་ལོའི་བརྟན་པོའི་སྒོ་ནས་འཕར་སྣོན་ཡོང་བའི་སྲིད་ཇུས་ཀྱི་ཁ་ཕྱོགས་དང་ལོ་གོང་མ་ཁག་བར་ཁྱད་པར་ཡོད་དེ། མྱུར་ཚད་དལ་དུ་བཏང་ཡང་ཤུགས་ཚད་ཆུང་དུ་མི་གཏོང་བ་དང་། འབོར་ཚད་མང་དུ་བཏང་ཡང་སྤུས་ཚད་དེ་བས་ཡག་པ་ཡོང་དགོས་པའི་ནན་བཤད་བྱས་ཡོད། དེར་བརྟེན་བྱ་ཐབས་བརྗེ་སྒྱུར་དང་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་དེ་དེ་བས་གལ་འགངས་ཆེ་བའི་གནས་བབ་ཐོག་བཞག་ཡོད། ཡང་བརྟན་པོའི་འཕར་སྣོན་ཡོང་རྒྱུ་ དང་གྲུབ་ཆ་ལེགས་སྒྲིག་བར་གྱི་དོ་སྙོམ་རྒྱུན་འཁྱོངས་བྱེད་དགོས་ན་བསྒྱུར་བཅོས་ཀྱི་འགག་གཏོར་དམ་འཛིན་ནན་པོ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
          མི་དམངས་སློབ་ཆེན་གྱི་དཔལ་འབྱོར་རིག་པ་སློབ་གླིང་གི་འགོ་འཛིན་གཞོན་པ་ཝང་ཅིད་པིན་གྱིས་སྔོན་དཔག་བྱས་པར། སྤྱི་ལོ་༢༠༡༤ལོར་ཀྲུང་གོའི་དཔལ་འབྱོར་བརྒྱ་ཆ་༧དང་གྲངས་ཆུང་༤འཕར་སྣོན་བྱུང་ཡོད་པ་དང་། སང་ལོ་བརྒྱ་ཆ་༧དང་གྲངས་ཆུང་༢འཕར་སྣོན་ཡོང་རྒྱུ་རེད་ཅེས་དང་། ཁོང་གིས་སྤྱི་ལོ་༢༠༡༤ལོར་ཀྲུང་གོའི་སྤྱི་ཁོག་དཔལ་འབྱོར་ལ་སྔོན་དཔག་གི་ལེགས་སྒྲིག་ཚད་ལས་བརྒལ་བའི་རྣམ་པ་ཐོན་པ་དང་། དེའི་ཐོག་ནས་ཀྲུང་གོའི་སྤྱི་ཁོག་དཔལ་འབྱོར་གྱི་རྒྱུན་སྲོལ་གསར་པ་འགག་གཏོར་དུས་ལ་སླེབས་པ་མཚོན་གྱི་ཡོད། སྤྱི་ལོ་༢༠༡༥ལོ་ནི་ཀྲུང་གོའི་བསྒྱུར་བཅོས་ཆེན་པོ་དང་ལེགས་སྒྲིག་ཆེན་པོ་ཁྱོན་ཡོངས་ནས་བྱེད་པའི་ལོ་ཞིག་ཡིན་པ་དང་། བསྒྱུར་བཅོས་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་རྒྱུ་དང་། ས་ཁང་ཐོན་དབང་གི་དུས་འཁོར་ལེགས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། དཔལ་འབྱོར་འཕར་སྣོན་འགོར་པོ་དེ་བས་རྒྱུན་མཐུད་བྱེད་རྒྱུ། དེ་བཞིན་ནོར་སྲིད་དཀའ་ངལ་དེ་བས་ཆེ་རུ་འགྲོ་རྒྱུ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་འོག སྤྱི་ཁོག་དཔལ་འབྱོར་གྱི་མདུན་དུ་འགྲན་རྩོད་དེ་བས་མང་བ་འཕྲད་རྒྱུ་ཡིན་པ་དང་། དེས་སྤྱི་ལོ་༢༠༡༥ལོའི་ཀྲུང་གོའི་སྤྱི་ཁོག་དཔལ་འབྱོར་དེ་ངེས་པར་དུ་ཁྱོན་ཡོངས་ནས་བསྒྱུར་བཅོས་དང་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་དམར་ཐིག་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་གཏན་འཁེལ་བྱས་ཡོད་ཅེས་བསྟན་ཡོད་པ་རེད།
           ཧུར་བརྩོན་ཆེན་པོས་དཔལ་འབྱོར་བརྟན་པོའི་སྒོ་ནས་འཕར་སྣོན་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པའི་ཁར། སང་ལོའི་དཔལ་འབྱོར་ལས་དོན་གྱི་ལས་འགན་གཙོ་བོ་ལྔའི་ནང་ད་དུང་། འཕར་གནས་གསར་པ་གསོ་སྤེལ་ཧུར་ཐག་དང་ཤེས་རྟོགས་ཐུབ་པ་བྱེད་དགོས་པ་དང་། ཞིང་ལས་གོང་འཕེལ་གཏོང་སྟངས་བརྗེ་སྒྱུར་ཇེ་མགྱོགས་སུ་གཏོང་དགོས་པ། དཔལ་འབྱོར་གོང་འཕེལ་གྱི་བར་ཁམས་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་དགོས་པ། དམངས་འཚོའི་ལས་དོན་འགན་སྲུང་དང་ལེགས་བཅོས་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་ཚུད་ཡོད། དཔལ་འབྱོར་རིག་པ་མཁས་པས། བརྟན་པོའི་སྒོ་ནས་འཕར་སྣོན་ཡོང་རྒྱུ་ཕྱོགས་རྐྱང་པ་ནས་བལྟས་ཚེ། བྱ་ཐབས་དེ་ཚོས་རང་རྒྱལ་གྱི་དཔལ་འབྱོར་འཕར་སྣོན་གྱི་མངོན་མེད་ནུས་པ་གོང་མཐོར་གཏོང་རྒྱུར་ཕན་ཐོག་ཡོད། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་སྲོལ་གྱི་རྣམ་པ་གསར་པར་སླེབས་ཟིན་པས། དུས་རིམ་གསུམ་བརྩེགས་འཕྲད་པ་དེ་རྒྱུ་རྐྱེན་གལ་ཆེན་པོ་ཞིག་ཡིན་པ་དང་། དེའི་ནང་དཔལ་འབྱོར་འཕར་སྣོན་བརྗེ་སྒྱུར་དུས་རིམ་དེ་ཚད་གཞི་ངེས་ཅན་ཞིག་གི་ཐོག་དཔལ་འབྱོར་འཕར་སྣོན་གྱི་མངོན་མེད་ནུས་པ་ཆག་པའི་རྐྱེན་གྱིས་ཡིན་པས། དཔལ་འབྱོར་འཕར་སྣོན་གྱི་མངོན་མེད་ནུས་པ་གོང་མཐོར་གཏོང་རྒྱུ་དེ་རང་རྒྱལ་དཔལ་འབྱོར་ཡུན་རིང་བརྟན་པོའི་སྒོ་ནས་འཕར་སྣོན་ཡོང་བ་བྱེད་རྒྱུའི་ངོས་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཞིབ་ཕྲའི་ནང་དོན་ཐད་བལྟས་ན། སང་ལོ་དེའི་ཐད་ཀྱི་གཙོ་གནད་བཀོད་སྒྲིག་ནང་གསར་གཏོད་ཀྱི་སྒུལ་ཤུགས་དང་། གྲུབ་ཆ་ལེགས་སྒྲིག་དེ་ཞིང་ལས་དང་ས་ཁོངས་དཔལ་འབྱོར་ལ་ཁ་ཕྱོགས་རྒྱུ་ནན་བཤད་བྱ་རྒྱུ་སོགས་ཚུད་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།