འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སེམས་ཀྱི་བདེ་སྐྱིད་ནི་ཆེས་རིན་ཐང་བྲལ་བའི་ཚེ་སྲོག་གི་དོ་ཟླ་ཡིན།

    མཚོ་སྔོན་པོ་དྲ་བ་ལས་དྲངས།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་15ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         གཅིག  ༼ནང་སེམས་ཀྱི་ཚན་རིག ༽ང་ཚོས་ནམ་རྒྱུན་འཇིག་རྟེན་གྱི་འཚོ་བའི་ཁྲོད་འདིར་ཟློག་ཏུ་མེད་པའི་ཆུ་ཀླུང་དྲག་པོས་བདས་བ་བཞིན།མཐོ་བ་མིའི་རིགས་ནས་ཉམས་ཆུང་དུད་འགྲོ་དང་འབུ་སྲིན་གྲོག་མ་ཚུན་ཆད་བར་དུ་འབད་འབུངས་ལས་བརྩོན་པ་མཐོང་ལ།ད་དུང་ཡངས་བའི་རྒྱལ་ཁམས་དང་།འཛམ་གླིང་ཞི་བདེ།བྱམས་སྙིང་རྗེ་ཞེས་པའི་སྐད་ཆ་རེ་འང་བཤད་མོད།དོན་དངོས་རང་ཉིད་ཙམ་གྱི་བདེ་སྐྱིད་དུ་གཉེར་ཆེད་མཆོང་ལྡིང་བྱེད་བཞིན་ཡོད། དེ་ཡིན་ཀྱང་།  རང་དོན་གཙོ་བོར་བྱེད་ཅིང་གཞན་དོན་གཙོ་བོར་བྱེད་པའི་བྱང་སེམས་མེད་པས།ས་ཆེན་པོ་འདི་བྱང་སེམས་ཅན་གྱིས་གང་དགོས་པ་དེ་ཡང་སྨོན་ལམ་གྱི་ཡུལ་ཙམ་དུ་ཟད།
      གང་ལྟར།རང་གཞན་ཀུན་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་འཛོམ་རྒྱུ་འདི་སྐྱེ་འཕགས་ཀུན་གྱི་བསམ་བློ་རྨ་མེད་པ་ཞིག་ཡིན་ན།ངེས་བར་དུ་ནད་པས་སྨན་བསྟེན་པ་བཞིན་སྡུག་བསྔལ་གྱི་ནད་ཞི་བའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་བསྟེན་དགོས་པ་དང་།བདེ་སྐྱིད་སྒྲུབ་པའི་རྒྱུ་ཚོགས་གསར་བ་འབྲས་བུ་ལ་བསླུ་མི་སྲིད་པ་ཞིག་ངེས་བར་དགོས།དེ་ཡང་འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས།སྟོང་བ་ཞི་བ་སྐྱེ་བ་མེད་པའི་ཚུལ།།མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་བ།།ཞེས་རྣམ་པར་ཐར་བའི་སྒོ་གསུམ་གསུངས་བ་ནི།ཆོས་རྣམས་ཀྱི་རང་རང་གི་ངོ་བོ་བདེན་པས་སྟོང་བ་ཡུལ་སྟོང་ཅིད་རྣམ་ཐར་དང་རྒྱུ་བདེན་པར་འཛིན་པ་ཞི་བ་སྟེ་ཡུལ་མཚན་མེད་རྣམ་ཐར་དང་།འབྲས་བུ་བདེན་གྲུབ་ཀྱིས་སྟོང་བ་ནི་སྐྱེ་བླ་ན་མེད་པཕད་པའི་དོན་ཏེ་སྨོན་མེད་རྣམ་ཐར་ཡིན།འདི་གསུམ་གྱི་རྒྱུ་འབྲས་ངོ་བོ་བདེན་པར་སྟོང་བའི་ཚུལ་མ་ཤེས་ན།བདག་འཛིན་གཉིས་ཀྱི་འཛིན་སྟངས་སུན་ཕྱུང་མི་ནུས་ལ།དེ་མ་ནུས་ན་བདལ་འཛིན་དང་རང་གཅེས་འཛིན་གྱི་དབང་དུ་སོང་སྟེ།ཆགས་སྡང་རྨོངས་གསུམ་གྱིས་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བསགས་སྟོབས་ཀྱིས་འགྲོ་བ་སེམས་ཅན་རྣམས་འཁོར་སྡུག་བསྔལ་གྱི་རྒྱ་མཚོ་འདིར་ཟོ་ཆུན་གྱི་རྒྱུན་ལྟར་ཡང་དང་ཡང་དུ་འཁྱམས་པར་འགྱུར་རོ།དེས་ན་རྨོངས་པའི་སེམས་འདི་རིག་པ་ཡེ་ཤེས་ཀྱི་ངོ་བོར་བསྒྱུར་ཏེ་བྱམས་པ་དང་སྙིང་རྗེ།གཞན་ཕན་གྱི་སེམས་སྦྱོངས་སྟོབས་ཀྱིས་གཞན་ལ་གནོད་པ་མི་བྱེད་པའི་དགེ་སེམས།གཞན་དོན་ཁུར་དུ་ཁྱེར་བའི་སྙིང་རྗེ། ཕན་འདོགས་པའི་ལྷག་བསམ་སོགས་ཚིག་ཙམ་མ་ཡིན་པར་དོན་ཐོག་ཏུ་འབབ་པ་བྱ་རྒྱུ་ནི་རང་ཉིད་ལ་བདེ་སྐྱིད་འབྱུང་བའི་གཞི་དམ་པ་དང་འཛམ་གླིང་གི་ཞི་བདེ་བརྟན་པའི་རྨང་གཞི།ལས་འབྲས་དང་སྐྱེ་བ་སྔ་ཕྱི་མཐོང་བའི་མིགམི་རིགས་དང་མི་རིགས་བར་གྱི་མཐུན་སྒྲིལ་དང་གོ་རྟོགས་མཐོར་འདེགས་བྱེད་པའི་ཚན་རིག་བསླུ་མེད་ཅིག་ཡིན།
      ཕྱིའི་ཚན་རིག་དང་ནང་གི་ཚན་རིག་གཉིས་ལས་འགྲོ་བ་སེམས་ཅན་ལ་བདེ་སྐྱིད་སྒྲུབ་པའི་ཐབས་ལམ་དངོས་ནི་གང་ཡིན་ཞེ་ན།ཁོ་བོའི་ནི་ཕྱིའི་ཚན་རིག་རྫས་གློག་འཕྲུལ་གསུམ་དང་ནང་གི་ཚན་རིག་ཤེས་རིག་ཡོན་ཏན་གཉིས་ལས་མཐའ་གཅིག་ཏུ་ཕྱི་མ་འདི་ཡིན་པར་ཁས་ལེན་པའོ།།
      གཉིས། ༼བདེ་སྐྱིད་ནི་སྣང་བ་གསོན་པོ་ཞིག་ཡིན།༽ བདེ་ཞིང་སྐྱིད་པ་ཞེས་པའི་ཉམས་ཀྱི་ཚོར་བ་འདི་ནི་སེམས་ཁོ་ན་ལས་བྱུང་བའི་སྣང་བ་གསོན་པོ་ལུས་སེམས་ཚིམ་པར་བྱེད་པ་ཞིག་ཡིན་ཏེ།དཔེར་ན།མིག་གིས་ཡིད་དུ་འོང་བའི་གྲོགས་པོ་ཞིག་མཐོང་བའི་ཚེ།ཡུལ་དབང་རྣམ་ཤེས་གསུམ་འཕྲད་པ་ལས་བྱུང་པའི་དགའ་མགུ་སྤྲོ་བ་ལྟ་བུ་དེ་ཡིན་ལ།ད་དུང་མིའི་རང་བཞིན་དང་བསམ་བློ།ཁོར་ཡུགགོམས་གཤིས།འགྱུར་ལྡོག་མི་འདྲ་བའི་གཞིའམ་མ་ཡུམ་ལྟ་བུ་ནི་སེམས་ཡིན་པ་དང་།སེམས་ནི་ལུས་ཕུང་ལ་བརྟེན་པ་ཡིན་པས་བདེ་བ་ལ་སེམས་ཀྱི་བདེ་བ་དང་ལུས་ཀྱི་བདེ་བ་གཉིས་མ་གཏོགས་མེད།  དེས་ན་ཡན་ལག་ལྔ་ལྡན་གྱི་ལུས་ཕུང་ལ་ཆག་འཇིག་དང་དབང་བོར་གནོད་སྐྱོན་མེད་པ་དང་།ནད་སོགས་ཀྱིས་གདུངས་པ་མེད་པར་བདེ་ཐང་ཡིན་རྒྱུ་འདི།སེམས་ལ་བདེ་དགའ་ལོངས་སྤྱོད་འཛོམ་པའི་གཞི་ཡིན་སྟབས་གཙོ་ཆེ་མོད།དེ་ལས་ཀྱང་གཙོ་ཆེ་བ་ནི།ནང་སེམས་ཀྱི་ངོ་བོ་ངེས་ཟིན་པར་བྱས་ནས་དགའ་སྡུག་གི་དབྱེ་བ་ཇི་ལྟར་བྱུང་བའི་ཚོར་སྣང་དེ་ཤེས་དགོས།དེ་མི་ཤེས་ན་དེང་རབས་སྤྱི་ཚོགས་སྟེང་མི་ཚང་མ་དོན་དུ་བདེ་སྐྱིད་ཟེར་བ་དེ་ག་འདྲ་ཞིག་ཡིན་པ་དང་།རང་ཉིད་ཇི་ལྟར་འཚོ་བའི་ཕྱོགས་ལ་མགོ་རྨོངས་ན་ས་འདུགམི་ཞིག་ལ་བདེ་སྐྱིད་ལྡན་མི་ལྡན་ནི་གཙོ་བོ་ནང་སེམས་ཀྱི་ངོས་ན་དགའ་སྤྲོ་དཔག་མེད་ཀྱི་རྣམ་པ་ཡོད་མེད་ལ་ཟེར་བ་ལས།ཕྱིའི་དངོས་བོའི་ཆ་རྐྱེན་དང་།དཔལ་འབྱོར།ཡང་ན།སྒོར་མོ་ཡོད་མེད་ལ་བལྟོས་པ་མེད།དཔེར་ན།རང་གི་ལྟོ་གོས་འདང་ཙམ་ལས་མེད་ཀྱང་།ངོ་འཛུམ་མདངས་དང་སེམས་བདེ་དགས་ཁྱབ་པའི་རྩྭ་ཐང་གི་རྒན་པོ་ཡོད་ལ།གདུག་རྩུབ་དང་ཞེ་སྡང་མངོན་དུ་གྱུར་དབང་འཛིན་པ་དང་།ཡང་ན།དཔལ་འབྱོར་གྱི་ཕྱུག་པོ་ཡོད་པ་འདིས།ང་ཚོར་བདེན་དོན་གྱི་སྐད་ཆ་ཞིག་གསལ་བོར་བཤད་པ་ཡིན་ཏེ།ལུས་དང་སེམས་ཀྱི་བདེ་སྡུག་རིགས་མི་འདྲ་བ་གཉིས་ཡོད་པ་ལས་སེམས་ཀྱི་བདེ་སྡུག་ཤུགས་ཆེ་བར་བསྟན་པ་ཡིན།དེས་ན་ཕྱི་དངོས་འཛུགས་སྐྲུན་དང་དཔལ་འབྱོར་ཁོ་ན་གོང་འཕེལ་དུ་གཏོང་བ་ལ་མི་བརྩོན་པར།ནང་སེམས་ཀྱི་ཤེས་རིག་ཡོན་ཏན་དང་།བསམ་བློའི་གོ་རྟོགས་ཚད་མཐོན་པོར་བཏང་སྟེ།སེམས་ཅན་ཐམས་ཅད་བདེ་སྐྱིད་དང་ལྡན་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་།སྡུག་བསྔལ་དང་བྲལ་ན་སྙམ་པའི་སྙིང་རྗེ།བདེ་སྐྱིད་དང་མ་བྲལ་ན་སྙམ་པའི་དགའ་བ།ཁྱོད་ཤི་ང་གསོན་གྱི་ཕྱོགས་རིས་དང་བྲལ་ན་ཅི་མ་རུང་སྙམ་པའི་བཏང་སྙོམས་སོགས་ལ་སློབ་སྦྱོང་དང་གོམས་གཤིས་སུ་བསྒྱུར་ཏེ་རང་གཞན་ཀུན་གྱི་བདེ་བའི་མཆོགསེམས་སྐྱིད་པ་ཞིག་སྒྲུབ་རྒྱུ་འདི་ང་ཚོ་ཚང་མའི་དམིགས་འདུན་དང་ཆེས་འོད་སྟོང་ལྡན་པའི་མདུན་ལམ་ཡིན།
      གསུམ། ༼བདེ་བའི་མཆོག་ནི་སེམས་སྐྱིད་པ་ཡིན།༽བདེ་སྐྱིད་ཟེར་བ་དེ་ནི་ཕྱིའི་དཔལ་འབྱོར་གནས་མལ་ཁང་ཁྱིམ་དང་ཟ་འཐུང་ལྟོ་གོས་སོགས་འཚོ་བའི་ཆ་རྐྱེན་ལ་བརྟེན་ནས་ལུས་ཀྱི་བདེ་བ་སྐྲུན་པ་དང་།སེམས་ཀྱི་བདེ་བ་དང་ཆོག་ཤེས་ལ་བརྟེན་ནས་ནང་གི་བདེ་བ་སྒྲུབ་པ་གཉིས་ཡོད།དེ་གཉིས་ཀ་ལྷུན་གྲུབ་ཏུ་བྱུང་ན།ད་གཟོད་སུ་ཡིན་ཀྱང་བདེ་སྐྱིད་ཡོངས་སུ་འཛོམས་པོ་ཞིག་སྤྱོད་ཐུབ་ཅེས་བཤད་མོད།བདེ་བའི་ངོ་བོ་དང་བདེ་བ་གང་ལས་འབྱུང་བའི་གཞི་རྩ་ནི་སེམས་ཡིན་པས་སེམས་ཀྱི་འཁྱེར་སོའམ་འཆར་སྣང་བདེ་བའི་ལས་སུ་རུང་བ་བསྒྱུར་བ་འདི་ལས་གཞན་པའི་སེམས་ཀྱི་བདེ་བ་སྒྲུབ་པའི་ཐབས་བཀོད་ཅི་ཡང་མེད།ཕྱིའི་དཔལ་འབྱོར་དང་འཛུགས་སྐྲུན།ཆ་རྐྱེན་སོགས་ལ་ཆོག་ཤེས་འཛིན་པའི་བསམ་པ་ཞིག་མེད་ན།དཔལ་འབྱོར་གྱིས་རང་ལ་ཞབས་ཞུ་མི་སྒྲུབ་པ་མ་ཟད།རང་ཉིད་དཔལ་འབྱོར་དང་སྒོར་མོའི་བྲན་གཡོག་ཏུ་འགྱུར་སྲིད།དེ་ལྟར་གྱུར་ན།འབད་པའི་བསགས་པའི་དཔལ་འབྱོར་དེ་རང་ལ་སྡུག་ལས་དང་མི་ཁོམ་པ་སྟེར་བའི་བྱེད་པའི་ཡིན་པས།བདེ་སྐྱིད་དང་ལུས་སེམས་འཛོམས་པའི་དགྲ་བོ་ཡིན།དཔལ་འབྱོར་དང་སྒོར་མོ་བསགས་པ་སོགས་འཇིག་རྟེན་བྱ་གཞག་ཀུན་ལ་ཆོག་ཤེས་མེད་པར་བརྒྱ་ཡོད་ན་སྟོང་དང་།ཁྲི་ཡོད་ན་དུང་ཕྱུར་དུ་བསྙེགས་པ་ལྟ་བུའི་ཧམ་སེམས་སྐྱེས་ཚེ།ཧམ་སེམས་ཀྱིམེ་ལྕེ་དམར་པོ་དེ་འདོད་ཆགས་དང་སྲེད་པ་ཡིན་པས།དེའི་འབྲས་བུ་ལ་བདེ་སྐྱིད་ཅིག་ཇི་ལྟར་འབྱུང་།དེས་ན་འདོད་ཆུང་ཆོག་ཤེས་ཟེར་བའི་བསམ་པའི་འཛིན་སྟངས་འདི་ནི།ལུས་སེམས་གཉིས་ངལ་གསོ་བསྟེན་སའི་འཇུ་ཐག་ཁོ་ན་ཡིན་ལ།བསྡེ་སྐྱིད་ཀྱི་ཚེ་སྲོག་རྒྱུན་འཁྱོངས་བྱེད་པའི་གྲུབ་ཆའང་ཡིན།དེས་ན་ང་ཚོ་ཚང་མས་བདེ་སྐྱིད་ཞིག་དོན་དུ་གཉེར་བ་ཡིན་ན་ཆོག་ཤེས་བསམ་པའི་ལྟ་ཚུལ་འདི་འགྲིག་པ་རེད་མ་གཏོགས།གཞན་དུ་ན་རྒྱུ་ནོར་ལོངས་སྤྱོད་དང་གསེར་དངུལ་གྱི་མཛོད་ལ་དབང་བསྒྱུར་ཀྱང་འདོད་པའི་བསམ་བློ་ལ་གང་མཐའ་མེད།ད་དུང་རང་གིས་ཟ་མི་ཐུབ།གཞན་ལ་སྟེར་མི་ཐུབ།སེར་སྣ་ད་ཆགས་སྡང་གིས་རྒྱུན་དུ་བདག་བཟུང་དང་གཉོར་སྐྱོང་བྱེད་དགོསན།དེ་ལས་ལྷག་པའི་ལུས་སེམས་ངལ་བ་དང་སྡུག་བསྔལ་གྱི་ཁ་སྣོན་ཞིག་གང་ན་ཡོད།ཁོ་བོ་པེ་ཅིན་དུ་སྡོད་སྐབས་དམངས་སྒོར་དུང་ཕྱུར་གསུམ་ལྷག་ཡོད་པའི་རྒྱ་མའི་ཚོང་དཔོན་ཞིག་གི་ཁྱིམ་ཚང་དང་།ལས་ཁུངས།བཟོ་གྲྭ་གཞུང་སྒྲུབ་ཁང་སོགས་ཁོའི་དཔལ་འབྱོར་དང་ཆ་རྐྱེན་རིག་ནསབདག་གི་སེམས་ལ་འཇིག་རྟེན་མི་ཡུལ་ན་ལྷ་ཡུལ་གྱི་གྲོང་ཁྱེར་དང་འབྱོར་བ།བདེ་སྐྱིད་མངོན་སུམ་དུ་གྲུབ་པ་ན།སངས་རྒྱས་ཆོས་ལུགས་ལས་ཞི་སྒོ་ཁོ་ནར་བཤད་པའི་ཐབས་ལམ་ལས་གཞན་དུ་འང་མིའི་བདེ་སྐྱིད་སྒྲུབ་ལུགས་དང་སྡུག་བསྔལ་སེལ་ཐབས་ཡོད་སྙམ་པ་བྱུང་།གློ་བུར་ཤེས་གསལ་བྱུང་བ་ཞིག་ལ་ཚོང་དཔོན་དེའི་ལུས་ཕུང་བདེ་ཐང་མིན་པས་ལུས་མདངས་ཉམས་ཤིང་ལུས་དྲོད་ཤོར་བའི་རྐྱེན་གྱིས་ཕོ་བའི་ཟས་མི་འཇུ་བ།ལུས་རིགས་ཀུན་ལ་སེམས་ཁུར་དང་དཔལ་འབྱོར་བདག་གཉེར་གྱིས་མཚན་མོ་གཉིད་ཀྱང་མི་འོང་བས་གཉིད་སྨན་འཐུང་བའམ་ཆང་གིས་མྱོས་བར་བྱེད་པའི་ཐབས་སྡུག་ཤེས་ཤིག་བསྟེན་པ་ཤེས་རྗེས།ད་གཟོད་དེའི་བདེ་སྐྱིད་ཀྱིས་བདག་གི་བདེ་སྐྱིད་ཀྱི་དོ་ཟླ་མི་ཕེར་བ་གཞི་ནས་ཤེས།ཁོས་བཤད་རྒྱུར།ཁོའི་ཚོང་གཉེར་ལས་རིགས་ཀྱི་མ་རྩ་ནི་དུང་ཕྱུར་ལྷག་ཡིན་མོད།ལོ་འདི་དག་ལ་ཚོང་གཉེར་མི་བཟང་བས།ད་དུང་དུང་ཕྱུར་གཉིས་ལྷག་གི་ཁ་སྣོན་རྒྱབ་དཔུང་དུ་མེད་ན་རྗེས་ཕྱོགས་འཕེལ་རྒྱས་འབྱུང་མི་ཐུབ།ཅེས་དབུགས་རིང་ཞིག་དང་མཉམ་དུ་ཆང་བླངས་ཏེ་ཕོར་གང་འཐུང་བ་འདིས།ངས་ཁོའི་སེམས་ཁོང་ལས་བརྡོལ་བའིསྡུག་བསྔལ་གྱི་མེ་ལྕེ་དམར་བོ་དེའི་ཚག་སྒྲ་ཐོས་ལ།མཚན་མོ་གཉིད་མི་འོང་བའི་སེམས་ཁུར་གྱི་རྒྱུ་རྐྱེན་གཏོགས།འཕེལ་རྒྱས་ལས་ཀྱང་དོ་གལ་ཆེ་བ་ནི་ཁོའི་ལས་ཕུང་བདེ་ཐང་ཡོང་རྒྱུ་དེ་ཡིན་མོད།ལུས་སེམས་རྟེན་དང་བརྟེན་པའི་འབྲེལ་ཐག་ཆད་ཙམ་གྱིས་ཡོད་ཚད་ཤུལ་དུ་བཞག་པ་ལས་ཕན་ཐོག་སྤུ་ཙམ་ཡང་མེད་པ་དང་།འཆི་བ་ཞེས་བའི་དོན་དངོས་འཆི་བདག་གཤིན་རྗེ་འདྲ་བ་ཞིག་ཡོད་པ་འདི་ཁོའི་བློ་ཡུལ་དུ་འཁོར་གྱིན་མི་འདུགདེ་དུས་ངའི་སེམས་ནས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་གསུངས་པའི།སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་།སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག།བདེ་བ་འདོད་ཀྱང་གཏི་མུག་པས།རང་གི་བདེ་བ་དགྲ་ལྟར་བཅོམ།ཞེས་པ་ཡངཡང་བསྐྱར་ཟློས་བྱེད་དགོས་བྱུང་། 
      ཀྭ་ཡེ་གྲོགས་པ་རྣམ་པ།
      ཕྱིའི་དཔལ་འབྱོར་དང་འཛུགས་སྐྲུན་ཇི་ལྟར་རྒྱས་ཀྱང་ལུས་ཀྱི་ཉེར་མཁོ་བསྐྲུན་པ་ཙམ་ལས།ནང་གི་བདེ་སེམས་ཀྱི་ཉེར་ལེན་དུ་སོང་བ་འགའ་ཡང་མེད་དོ།རྒྱུ་ནོར་ལོངས་སྤྱོད་གསེར་དངུལ་མཛོད་ལ་དབང་།ཚན་རིག་སྟོབས་འབྱོར་སྲིད་པའི་རྩེར་སོན་ཀྱང་།ཆོག་ཤེས་བསམ་པའི་འཛིན་ཚུལ་མེད་གྱུར་ཚེ།ལུས་སེམས་ངལ་གསོ་བསྟེན་སའི་འཇུ་ཐག་ཆད།ཅེས་ཀྱང་སྨྲ་བར་འདོད་ལ།ལུས་དང་སེམས་ཀྱི་བདེ་སྐྱིད་གཉིས་ལས།སེམས་སྐྱིད་པའི་བདེ་བ་ནི་ང་ཚོ་འགྲོ་བ་ཚང་མས་གཅིག་མཐུན་དུ་འདོད་པའི་རེ་བ།ཐོག་མཐའ་བར་གསུམ་དུ་འབད་པའི་འབྲས་བུ།འཇིག་རྟེན་འདིའི་འཚོ་བ་ཡོད་དོ་ཅོག་གི་སྙིང་བོ་ཡིན་པས།འདིའི་རྒྱུ་ཚོགས་སྒྲུབ་པ་ལ་འབད་དགོས།དེ་ཡང་ཕྱི་འཇིག་རྟེན་གྱི་སྙིང་བོ་ནི་འགྲོ་བ་སེམས་ཅན་ཡིན་པས།སེམས་ཅན་གྱི་སྙིང་བོའམ་བྱེད་པོ་ནི་སེམས་ཡིན།
      སེམས་ཀྱིས་འཇིག་རྟེན་གྱི་སྣོད་བཅུད་ཐམས་ཅད་ཁྱབ་ཡོད་པས་སེམས་ལས་རྒྱ་ཆེ་བ་མེད་ལ།ཡིད་ལ་གང་ཤར་གྱི་གནས་དེ་ཐོན་ཡོད་པས།འཇིན་རྟེན་གྱི་ཆེས་མགྱོགས་པའང་སེམས་ཡིན།སེམས་ནི་དགེ་མི་དགེ་བྱ་བ་བཟང་ངན་སྣ་ཚོགས་བཟོ་བསྐྲུན་དང་བཅོས་བསྒྱུར་བྱེད་མཁན་གཙོ་བོ་ཡིན་པ་དང་།ལས་ཀྱི་བག་ཆགས་མང་བོ་འཛིན་པའི་བྱེད་པོ་འམ།བགོ་གཞི་ཡིན་པས་སེམས་ལས་ལྷག་པའི་ནུས་བ་ཅན་གང་ཡང་མེད།དེ་ལྟར་ན།སེམས་ནི་ལས་བཟང་ངན་སྣ་ཚོགས་བསགས་པོ་ཡིན་ལ།ལས་ཀྱི་དབང་གིས་སྐྱེ་དགོས་བ་དང་འཆི་དགོས་བ་སོགས་མི་ཚེ་གང་བོའི་དགའ་སྡུག་ལེགས་ཉེར་ཅི་བྱུང་ལས་དབང་གིས་གྲུབ་པར་མ་ཟད་།རང་གནས་སའི་སྣོད་ཀྱི་ཁོར་ཡུག་དང་སྡོད་སའི་ཁང་བ།ཅ་ལག་ཡོ་བྱད་སོགས་ཐམས་ཅད་ཀྱང་རྒྱུ་རྐྱེན་ལས་དབང་ལ་འབྲེལ་བ་ཡོད་དེ།ཁོའི་བདག་འབྲས་སུ་གྲུབ་པ་ཡིན།
      དགེ་སེམས་ཀྱིས་བསགས་པའི་ལས་ཀྱི་འབྲས་བུ་ལ་བདེ་སྐྱིད་འབྱུང་བ་དང་།མི་དགེ་བའི་སེམས་ཀྱིས་བསགས་པའི་འབྲས་བུ་ལ་སྡུག་བསྔལ་འབྱུང་བ་ནི་རྒྱུ་འབྲས་བསླུ་བ་མེད་པའི་རྟགས་ཡང་དག་དང་།འཇིག་རྟེན་གྲུབ་པའི་ཆོས་ཉིད་ཡིན་ཕྱིར།བདེ་བའི་མཆོག་ཏུ་གྱུར་པ་སེམས་སྐྱིད་པ་འདོད་ན།ངེས་པར་དུ་རང་སེམས་འཁོན་འཛིང་དང་འགྲན་སེམས།ཕྲག་དོག་ཞེ་སྡང་།གཡོ་རྒྱུ་ཁྲམ་གསུམ།རྐུ་གསོད་འཕྲོག་གསུམ།ངོ་ཚ་ཁྲེལ་མེད།ཁྲིམས་མེད་ལུགས་མེད་དུ་སྤྱོད་པའི་བསམ་ངན་གདུག་རྩུབ་ཀྱི་སྤྱོད་པ་དེ་དག་བསྒྱུར་ནས་ལས་རྒྱུ་འབྲས་ལ་ཡིད་ཆེས་པ།གཡོ་སྒྱུ་རྫུན་གསུམ་མི་བྱེད་པ།བྱམས་སྙིང་རྗེ་བསྒོམ་པ།ལྷག་པར་དུ་གཞན་ལ་འདྲ་མཉམ་དང་ཕན་སེམས་བཅོས་མིན་གྱིས་རས་ཁ་གང་དང་ཟས་ཁམ་གཅིག་རྩུབ་མོས་འགོག་པཞན་ལ་སྦྱིན་པའི་རོགས་རམ་དང་རྒྱབ་སྐྱོར་གྱིས་འཛམ་གླིང་ཧྲིལ་བོའམ་རང་ནུས་ཅི་ཡོད་ཀྱིས་གཞན་དོན་དུ་ཕན་བདེ་སྒྲུབ་པ་བྱས་ན།དེ་འགྲུབ་པ་ལས་བྱུང་བའི་དགེ་རྩའི་སྟོབས་ཀྱིས་རང་སེམས་ལ་ཟད་མི་ཤེས་པའི་ཚོར་བ་ཟག་མེད་ཅིག་སྐྱེ་ལ།དེ་ནི་བདེ་བའི་མཆོག་སེམས་སྐྱེད་པ་ཡིན།
      གཞན་ཡང་།རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུ་སོགས་ཉོན་མོངས་མངོན་གྱུར་མགོ་མནན་པ་ནས་རྩ་བ་འཛན་སྟངས་སུན་ཕྱུང་བའི་བར་གྱི་གཉེན་པོ་རེ་རེ་སྐྱེས་སྟོབས་ཀྱིས་ལུས་སེམས་སྐྱིད་པ་ཡིན་ཏེ།མདོ་ལས།སེམས་འདུལ་བ་ནི་ལེགས་པ་སྟེ།སེམས་འདུལ་བས་ནི་བདེ་བ་འདྲེན།ཞེས་སོ།རང་ལ་མེད་ཀྱང་གཞན་གྱི་ཕུན་སུམ་ཚོགས་པའི་ཤེས་རིག་ཡོན་ཏན་དང་།མཚན་སྙན་གྲགས།དཔལ་འབྱོར།དབང་ཆ།གཤིས་རྒྱུད་བཟང་བོ་སོགས་ལ་ཕྲག་དོག་དང་འགྲན་སེམས།ཞེ་སྡང་སོགས་བསམ་ངན་མི་སྐྱེ་བར།ཡི་རང་དང་བསྟོད་བསྔགས་བརྗོད་ན་རང་སེམས་བདེ་འབོལ་ལེ་དགའ་སྤྲོའི་རྣམ་པ་ཞིག་རྣམ་པ་ཞིག་འོང་ལ།དེ་ཡང་སེམས་སྐྱིད་པའི་བདེ་བ་ཡིན།དེས་ན་རང་ལ་དཔལ་འབྱོར་དང་ཕྱིའི་ཆ་རྐྱེན་དངོས་པོ་ཡོད་མེད་ལ་གཏན་ནས་མི་ལྟོས་པར།བསམ་པའི་ངོ་བོ་བཅོས་སྟོབས་ཀྱིས་བདེ་སྐྱིད་སྒྲུབ་པའི་ཐབས་ལ་ཡང་དག་འདི་བཞིན་ཡོད་ན།རང་གཞན་ཀུན་ལ་ཕན་སེམས་ཡོད་པའི་མི་ཞིག་ཡིན་ན།ཅིའི་ཕྱིར་སྒྲུབ་པར་མི་བྱེད།བདེ་བའི་མཆོག་སེམས་སྐྱིད་པ་འདི་ནི་མིའི་རིན་ཐང་དང་ཚེ་སྲོག་གི་དོ་ཟླ་ཡིན།སུ་ལ་དེ་ཡོད་ན་མི་དེའི་ལུས་རྟེན་ལ་རིན་ཐང་ལྡན་ཞིང་འཚོ་བའི་ཚེ་སྲོག་ཀྱང་དོན་ལྡན་དུ་གནས་པས་འདམ་ལས་སྐྱེས་ཀྱང་དྲི་མས་མ་གོས་པའི་པད་མ་དཀར་བོ་བཞིན་སྐྱེ་བོ་ཀུན་གྱིས་བསྔགས་པར་འོས་པ་ཡིན་ནོ།
      བཞི།  ༼བྱམས་སྙིང་རྗེ་ནི་བདེ་སྐྱིད་ཀྱི་ཟ་མ་ཡིན།༽བོད་གངས་ཅན་གྱི་ཡུལ་གྲུ་འདི་སོག་ལེ་ཡི་སོ་ཁ་བཞིན་མཐོ་ཞིང་གཟེངས་ལ།རི་ཀླུང་དང་ནགས་ཚལ། གངས་རི་དང་འཁྱག་རླུང་གིས་བསྐོར་ཞིང་མཐོ་ཚད་མཚོ་ངོས་ལས་མུས་བཞི་སྟོང་ནས་བརྒྱད་སྟོང་བརྒྱད་བརྒྱ་ལྷག་གི་བར་དུ་གནས་པས།དབྱར་ཚིགས་ཐུང་ལ་དགུན་སག་རིང་བ་བཅས་ཀྱིས་འཛམ་གླིང་གི་མི་རིགས་གཞན་དག་ཚང་མས་ཁོར་ཡུག་མི་སྐྱིད་པ་དང་ཡང་ན་འཇིགས་སྐྲག་ཆེ་བའི་ཡུལ་དུ་ངོས་བཟུང་བྱས་པ་དང་བགྲོད་པར་དཀའ་ལ་རྔམས་གནག་པ།ཚན་རིག་འཕྲུལ་འཁོར་གྱི་རིགས་གང་ཡང་མེད་པ།ཆ་རྐྱེན་དཔལ་འབྱོར་མི་འཛོམ་པ་བཅས་ཀྱིས་འཚོ་སྡོད་ཆེས་དཀའ་བའི་ཡུལ་དུ་བརྩིས་ཡོད།
      དེ་བཞིན་བོད་མི་རིགས་ཡང་ནགས་ཚུལ་དང་རྫ་ལུང་དེ་དག་དུ་གནས་ཤིང་གནག་ཕྱུག་འཚོ་སྐྱོང་བྱེད་པ་དང་རི་དྭགས་གཤོར་བའི་ཤ་ཁྲག་ཁོ་ན་ལ་བརྟེན་ནས་འཚོ་བ་དང་།པགས་རིགས་གྱོན་པ།རང་བྱུང་གི་ཕུག་པ་དང་བྱ་སྐྱིབས་ལ་གནས་མལ་འཆའ་བའི་ཆེས་ལྒིན་པ་མཐར་ཐུག་ལ་བརྩིས་ཡོད།ཡིན་ན་འང་རང་ཅག་ཚང་མས་གཞན་གྱིས་ཅི་ཟེར་གྱི་ཁ་ལ་མི་ཉན་པ་དང་།བསྟོད་ན་དགའ་བ་དང་སྨད་ན་མི་དགའ་བའི་རྣམ་འགྱུར་མེད་པར་བདེན་དོན་དང་གནས་ལུགས་ལ་འཚོལ་ཞིབ་བྱ་རྒྱུ་དེ་ཡིན།
      འཛམ་གླིང་ཐོག་མི་རིགས་གང་ཡིན་ཀྱང་རང་བྱུང་གི་ཁོར་ཡུག་དང་ཐོན་ཁུངས་ལ་བརྟེན་པའི་སྒོ་ནས་དཔལ་འབྱོར་དང་འཚོ་བ་སྒྲུབ་དགོས་ལ།རང་གི་འདོད་བློ་དང་མཐུན་པའི་བྱེད་ཐབས་དེ་རང་དབང་དུ་སྤྱོད་ཆོག་པ་ནི་འཇིག་རྟེན་འདིར་ཆེས་མངར་ཞིང་སྐྱིད་པའི་འཚོ་བ་ཡིན།ཕྱུག་ཟོག་སྐྱོང་བའི་མི་རིགས་ཤ་ལ་བརྟེན་པ་དང་རྨོ་འདེབས་བྱེད་པའི་མི་རིགས་འབྲུ་ལ་བརྟེན་པ།མཚོ་ཁར་ཆགས་པའི་གྲོང་ཁྱེར་ཉ་ལ་བརྟེན་ཏེ་འཚོ་་བ་བཅས་ནི་གནས་ལུགས་ཀྱིས་ཐག་གཅོད་བྱས་པ་ཞིག་ཡིན་པས་བཟང་ངན་དངབདེ་སྡུག་གི་དབྱེ་བ་ཞེས་པ་མེད།
      དེ་བཞིན་དུ་སྡོད་གནས་ཀྱང་རང་གི་སེམས་ཁམས་དང་མཐུན་པའི་ཁོར་ཡུག་ནི་ཆེས་སྐྱིད་པའི་འཇིག་རྟེན་ཡིན་ལ།མར་ཆུར་དང་རྩམ་པ་སོགས་གང་ཁ་ལ་ཞིམ་ཞིང་ཕོ་བར་འཕྲོག་པ།ལུས་ལ་ཕན་པའི་ཟ་མ་ཡང་རོ་མཆོག་བརྒྱ་ལྡན་གྱིས་ཞལ་ཟས་ཡིན།དེ་ཡང་ལས་དབང་གིས་བྱིན་པའི་ཟ་མ་ཆུང་དུས་ནས་ཟོས་ཏེ་ལོབས་ནི་འཛམ་གླིང་སྟེང་ཆེས་ཞིམ་པའི་ཟ་མ་ཡིན་པ་ལས་ཟ་མ་ཁོ་རང་གི་ངོས་ནས་ཞིམ་པོར་གྲུབ་པ་ཞིག་མེད།དཔེར་ན།༡༩༥༥ལོར་མཚོ་སྔོན་ཞིང་ཆེན་གྱི་དཔོན་པོ་གཞོན་པ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་བྲག་དཀར་རྫོང་ཐོག་ཏུ་ཕེབས་དུས།རྫོང་གི་ལས་བྱེད་རྣམས་ཀྱིས་ཟ་མ་གང་བཟང་བསྒྲིགས་མོད།ཁོང་གིས་ཁྱོད་ཚོས་ཚོད་མ་བཟང་བོ་ཅི་ཡང་རྔོད་མི་དགོས།ངས་སྐྱུར་རོ་བླུགས་པའི་ཐུག་པ་འཐུང་ན་འདོད།ཅེས་གསུང་པ་དང་།ནུབ་ཇ་བཞེས་རྗེས།ཁོང་གིས་ཞལ་ནས་དོ་ནུབ་ཀྱི་སྐྱུར་རོ་བླུགས་པའི་ཐུག་པ་ཧ་ཅང་ཞིམ་པོ་རེད།ངའི་ཡི་ག་ཕྱེས་སོང་།ཞེས་གསུང་པ་འདི་ལྟ་བུས་མཚོན་ཐུབ་ལ།ཁོ་བོ་པེ་ཅིན་དུ་བསྡད་པའི་སུན་སྣང་གི་འཚོ་བ་དེས་ཀྱང་མི་མིའི་བར་གྱི་བསམ་བློ་དང་གོམས་གཤིས་མི་འདྲ་བླ་ན་མེད་པ་མཚོན་ཐུབ།དེས་ན་ཕྱིའི་ཁོར་ཡུག་དང་འཛུགས་སྐྲུན།འཚོ་བ་བཅས་ལ་རང་རང་གི་འདོད་པའི་ཁམས་དང་མཐུན་པ་ཙམ་གྱིས་ཆོག་མོད།ང་ཚོ་ཚང་མའི་སྤྱི་མཐུན་གྱི་བདེ་སྐྱིད་སྒྲུབ་པ་ལ།དེ་ཙམ་གྱིས་མི་ཆོག་པ་ནད་བརྒྱ་སྨན་གཅིག་གི་དཔེ་བཞིན། ནང་ཤེས་རིག་གི་ངོ་བོ་གོང་འཕེལ་དུ་བཏང་ནས་རང་ཁོ་ནའི་བདེ་སྐྱིད་གྲུབ་པ་ཙམ་མ་ཡིན་པར།འཛམ་གླིང་ཡོད་དོ་ཅོག་བདེ་ཞིང་སྐྱིད་པ་དང་།འཛམ་གླིང་ཡོངས་ཁྱབ་ལ་འགན་ཁུར་གྱི་བསམ་བློ།ཡོངས་ཁྱབ་གཅེན་གཅུང་ཕུ་ནུའི་བསམ་བློ་དང་ལྡན་པའམ་རང་ཅག་ཚང་མ་འགྲོ་བ་མིའི་ཁྱིམ་ཚང་ཆེན་པོ་གཅིག་གི་ནང་དུ་ཡོད་པའི་གོ་རྟོགས་སྐྱེས་ནས་འཛམ་གླིང་གི་འགྲོ་བ་སེམས་ཅན་ཡོད་དོ་ཅོག་ལ་ཕན་ཁེ་སྒྲུབ་པ་ལས་བྱུང་འི་ཁ་ངོའི་འཛུམ་མདངས་དང་སེམས་ཀྱི་དྲོད་ཁོལ་ལས་སྐྱེས་པའི་དགའ་སྤྲོ་དཔག་མེད་ཀྱི་རྣམ་པ་དེ་བདེ་སྐྱིད་མཆོག་ཏུ་གྱུར་བ་ཞིག་ཡིན་ཞིང་།དེ་འདྲའི་བདེ་སྐྱིད་ནི་བྱམས་པ་དང་སྙིང་རྗེ་ལ་བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས་དེ་གཉིས་ནི་བདེ་སྐྱིད་ཀྱི་ཟ་མ་ཁོ་ན་ཡིན།གཞན་དུ་ན་གྲོང་ཁྱེར་བརྒྱུདདེ་བལྟས་ན།ཚན་རིག་དང་འཕྲུལ་བཟོ་རིག་གནས་ཀྱིས་ཕྱོགས་སར་ངོ་མཚར་ཆེ་བའི་འཛུགས་བསྐྲུན་དང་གསར་བྱུང་གི་བྱ་བ་མང་བོ་སྒྲུབ་ཡོད་ཀྱང་།འགྲོ་བ་མིའི་གཞི་རྩའི་དཀའ་སྡུག་དང་རྙོག་འཛིང་མང་བའི་སེམས་ཁུར་ནི་སྔར་མུས་སུ་གནས་ཡོད། ད་དུང་ཕྱིའི་དངོས་བོ་འཕེལ་ཐབས་ཁོ་ན་ལ་ཚང་ན་གཅིག་མཐུན་གྱིས་འབད་ན།འགྲོ་བ་མིའི་དྲང་བདེན་དང་། གཞན་ཕན་སྙིང་རྗེ།བདེན་རྫུན་བླང་དོར་གྱི་བློ་གྲོས།རང་བཞིན་བཟང་བའི་གོ་རྟོགས་རྣམས་ཉམས་བརླག་ཏུ་འགྲོ་བ་དེ་ཡིས་སྡུག་བསྔལ་དང་འཇིགས་སྣང་།ལྟོགས་སྐོམ་སོགས་ཀྱི་དཀའ་སྡུག་འབྱུང་ཉེ་བར་གྱུར་བ་མ་ཡིན་ནམ། དེས་ན་ངོ་ཚོས་ངེསབར་དུ་འཛམ་གླིང་ཞི་བདེ་བརྟན་པའི་རྨང་གཞི།འཛམ་གླིང་ཞི་བདེ་བགྲོད་པའི་སྟེགས་བུ། འཛམ་གླིང་ལས་དོན་སྒྲུབ་པའི་ཚན་རིགའཛམ་གླིང་གཡུལ་ལས་སྐྱོབ་པའི་དཔའ་བོ།འཛམ་གླིང་མཐུན་སྒྲིལ་འཛུགས་པའི་གསེར་ཟམ།འཛམ་གླིང་བདེ་སྐྱིད་འབྱུང་བའི་ཟ་མ།ཉམ་ཆུང་དབུལ་ཕོངས་སྐྱོང་པའི་ཕ་མ། འཛམ་གླིང་སྡུག་བསྔལ་སེལ་བའི་སྨན་མཆོགབདེ་དགེ་ལེགས་ཚོགས་འབྱུང་བའི་གཞི་མ།སྐྱེ་འཕགས་གང་ཟག་ཀུན་གྱི་སྙིང་ནོར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དུས་དང་རྣམ་པ་ཀུན་དུ་སྤེལ་བ་ལ་གཅིག་ཏུ་འབད་དགོས་སོ།
      ཁ་བཤད་ཆུ་ཡི་ཝུ་བ།ལག་ལེན་གསེར་གྱི་ཐིགས་པ།ཞེས་ཟེར་བཞིན་དུས་རབས་སྔོན་མ་ནས་བྱམས་སྙིང་རྗེའི་ཕན་ནུས་དང་ངོ་བོ།ཤེས་ལྡན་རྣམས་ཀྱིས་རང་ནུས་རྩལ་སྤྲུགས་ཀྱིས་རྒྱལ་ཁབ་དང་མང་ཚོགས་ལ་བསྒྲགས་ཀྱང་དོན་དངོས་སུ་རང་རྒྱལ་དུ་སྤྱི་ཚོགས་སྟེངབཙུགས་པའི་ཚོགས་པ་འམ་ཕན་ཁེ་ཞིག་མ་མཐོང་།འཛམ་གླིང་རྒྱལ་ཁབ་སོ་སོ་ན་བྱམས་སྙིང་རྗེའི་ལྟེ་གནས་མང་དུ་བཙུགས་ཡོད་པ་ཟད།ཐེ་ཝན་ན་ཁྲིན་ཡན་ཟེར་བའི་དགེ་སློང་མ་ཞིག་གིས་སྙིང་རྗེས་ཚོགས་པ་ཞིག་བཙུགས་པར་ཚོགས་མི་ས་ཡ་བཞི་ལྷག་འདུགགཞན་ལ་འཚམ་སྦྱོར་དྲ་རྒྱ་སྟོང་དྲུག་ལྷག་འདུག༡༩༩༦ལོར་རྒྱ་མཚོའི་འཐོར་རླུང་གིས་ཐེ་པེའི་བྱང་ཕྱོགས་ས་ཁུལ་དུ་གནོད་ཚེ་ཐེབས་དུས་རོགས་བྱེད་དང་བླངས་མི་སྣ་དུང་ཕྱུར་གཅིག་ལྷག་གི་ནང་དུ།ཚོགས་པ་འདིའི་ཁོངས་མིས་ཧ་ལམ་བརྒྱ་ཆའི་བརྒྱད་ཅུ་ཟིན་ཡོད།
      དེ་ཡང་བྱམས་སྙིང་རྗེའི་དབང་གིས་འདུས་བ་ཡིན་ཕྱིར།བྱམས་སྙིང་རྗེ་ནི་རྒྱལ་ཁབ་དང་སྤྱི་ཚོགས་སྟེང་མཁོ་བའི་ཡིད་བཞིན་གྱི་ནོར་བུ་ཞིག་ཡིན་ལ།ལྷག་པར་དུ་གནོད་སྐྱོན་ཐེབས་པ་དང་རྒྱུ་ནོར་ཟད་པ།ཉམས་ཆུང་ནུས་མེད་ལ་རོགས་རམ་རྒྱབ་སྐྱོར་བྱེད་པའི་བྱང་སེམས་སྦྱིན་བདག་པ་ཕ་མ་ལྟ་བུ་ཞིག་རེད།
      ཉེ་སྔོན། ཉིས་སྟོང་གཅིག་གི་ཟླ་བཅུ་གཉིས་བར།བློ་མཐུན་རྡོ་ཚེ་བརྟན་ལགས་ཀྱིས་མཚོ་སྔོན་་མི་རིགས་སྙིང་རྗེའི་ཚོགས་པ་ཞིག་བཙུགས་ལ།མིག་སྔར་ཚོགས་མི་སྟོང་དང་ཉིས་བརྒྱ་ལྷག་འདུས་ཡོད།དེ་ནི་རྒྱལ་ཁབ་དང་སྤྱི་ཚོགས་སྟེང་བཞག་པའི་ཆེས་འོད་སྟོང་འབར་བའི་བྱས་རྗེས་དང་རང་རེའི་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་བྱམས་སྙིང་རྗེ།རང་རྒྱལ་སྤྱི་ཚོགས་དང་གྲོང་ཁྱེར་དུ་སླེབས་པའི་ཐོག་མ་ཡིན།ཚོགས་མི་རྣམས་སེམས་གཅིག་མཐུན་གྱིས་འདི་ལྟ་བུའི་ནང་དུ་ཞུགས་ཏེ་དཔུང་སྡེབས་ཀྱིས་མི་རིགས་དང་རྒྱལ་ཁབ།དེ་ནས་འཛམ་གླིང་ཡངས་བའི་འགྲོ་བ་ཡོངས་ལ་ཕན་ཆས་ཤིག་སྒྲུབ་ཐུབ་པ་བྱུང་ན།བོད་རྒྱུད་ཆོས་ལུགས་ལས་གསུངས་བའི་དགོངས་དོན།ཐབས་ཀྱི་སྤྱོད་ཕྱོགས་ཆ་ཚང་བར་ཉམས་ལེན་དུ་ཐེབས་པ་ཡོད་ན།དེ་ལས་ལྷག་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་ཚུལ་ལོགས་སུ་མེད།
      དེས་ན་བྱ་བ་ཐམས་ཅད་མདོར་བསྡུས་ན་སྡུག་བསྔལ་སེལ་བ་དང་བདེ་སྐྱིད་གྲུབ་པ་གཉིས་ལས་མ་འདས་ཤིང་།སྡུག་བསྔལ་སེལ་བར་འདོད་པའི་སེམས་ལ་སྙིང་རྗེ་དང་།བདེ་བ་སྒྲུབ་པར་འདོད་པ་ལ་བྱམས་པ་གཉིས་མེད་དུ་མི་རུང་བས།ནད་་བརྒྱ་སྨན་གཅིག་གི་དཔེ་བཞིན་བྱམས་སྙིང་རྗེ་སྒྲུབ་པར་བྱ།
    དེང་དུས་མི་རིགས་དང་མི་རིགས་བར།རྒྱལ་ཁབ་དང་རྒྱལ་ཁབ་བར་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཇེ་ཆེ་བ་དང་།བསམ་བློ་དང་ལྟ་བ།རིག་གནས།གོམས་གཤིས།མ་འོངས་བའི་མདུན་ལམ་མཉམ་སྦྲེལ་བཅས་ལ་ཤུགས་ཆེར་བརྟེན་ཏེ་འཛམ་གླིང་ཞི་བདེའི་ལམ་ཆེན་དུ་བསྐྱོད་དགོས་ན།སྙིང་རྗེ་ནི་འཛམ་གླིང་གི་དཀའ་སྡུག་རྙོག་འཛིང་།འཐབ་རྩོད།དམག་འཁྲུགདབུལ་ཕོངས།ནད་ཡམས་སོགས་ཞི་བར་བྱེད་པའི་སྨན་མཆོག་སེམས་ཀྱི་བདུད་རྩི་རིལ་བུ་ཞིག་ཡིན་ཏེ།དཔེར་ན།སྙིང་རྗེ་ཡོད་ན་གཞན་གྱི་སྲོག་གཅོད་པ་དང་ཉམ་ཐག་པའི་སྡུག་བསྔལ་རང་ཉིད་ལ་དཔེ་སྦྱར་ནས་སེམས་ཅན་གང་ཡང་མི་གསོད་པར་མ་ཟད།དེ་དག་གི་སྲོག་གི་བསླུ་བ་དང་སྐྱོབ་པ།ཚེ་ཐར་དུ་གཏོང་བ་སོགས་འཛམ་གླིང་ཡངས་པའི་ཞི་བདེ་ལ་མཛད་རྗེས་རླབས་ཆེན་བསྐྲུན་ཐུབ་པ་དང་།ཆོས་ལུགས་མི་རིགས།ཡང་ན་ལྟ་བ་འདྲ་མིན་ལ་མི་བལྟ་བར་ཐབས་ལམ་སྣ་ཚོགས་ཀྱིས་འགྲོ་བ་ཚང་མ་འདྲ་མཉམ་གྱི་བདེ་སྐྱིད་ཅིག་ཐོབ་པའི་ཆེད་དུ་འབད་པ་དེ་ཡིན།བྱམས་སེམས་ཀྱིས་དེ་ལྟར་མི་སྒེར་དང་ཁྱིམ་མཚེའི་བར།མི་རིགས་དང་མི་རིགས།རྒྱབ་ཁབ་དག་གི་བར་གྱི་བྱམས་བརྩེ་དང་མཐུན་སྒྲིལ་ངེས་ཅན་དུ་གོང་འཕེལ་དུ་འགྲོ་བར་མ་ཟད།ཞི་བདེའི་ལམ་ཆེན་དུ་གོམ་སྟབས་ཀྱིས་བསྐྱོད་ཐུབ།ས་ཕྱོགས་གང་ན་དེ་ལྟ་བུའི་ཕན་སེམས་སྙིང་རྗེ་དང་བྱམས་བརྩེའི་འདྲ་མཉམ་གྱི་འཚོ་བ་ཡོད་ན།ང་དང་ཁྱོད་གཉིས་ཀྱི་སེམས་ཀྱི་དྲོད་ཁོལ་དང་ཁ་ངོའི་མཛུམ་མདངས་ཡིན་པས།ད་བཟོད་བདེ་བའི་མཆོག་ལུས་སེམས་སྐྱིད་པའི་འཚོ་བ་རོལ་བ་ཐུབ་པ་ཞེས་བྱ།གཞན་ཡང་།ཚེ་སྲོག་ནི་མི་ལའང་ཤིན་ཏུ་རྩ་ཆེན་དུ་གྱུར་པ་བཞིན།སྨྲ་བརྗོད་མི་ཤེས་བའི་དུད་འགྲོ་དང་ཉ་རིགས།འབུ་སྲིན་སོགས་ལའང་རང་གི་སྲོག་ལས་གཅེས་ཤིང་འཕངས་པ་མེད།རང་རེ་སྟོབས་འབྱོར་ལྡན་ཞིང་ཤེས་རིག་མཐོ་བའི་མི་ཞིག་ཡིན་པའི་ཆ་ནས་དེ་དག་གི་ཚེ་སྲོག་བཅད་པའི་ཚོར་བ་འཇིགས་སྐྲག་དང་སྡུག་བསྔལ་ཡིན་པ་དང་རང་གི་སྡུག་བསྔལ་མི་འདོད་པ་དང་འདྲ་མཉམ་དུ་ཤེས་ན།དམན་པའི་འགྲོ་བ་དེ་དག་ལའང་ཚེ་སྲོག་གི་རང་དབང་དང་བདེ་སྐྱིད་ཀྱི་ཁོར་ཡུག་ཅིག་སྟེར་དགོས།དེ་ལྟར་མ་བྱས་ན་རང་རེ་འགྲོ་བ་མི་དུད་འགྲོ་སོགས་ལས་ཁྱད་པར་དུ་འཕགས་པའི་རྒྱུ་མཚན་གང་ལས་ཤེས།མི་ཞིག་ཡིན་ན་མ་མཐའ་ཡང་གཞན་ལ་སེམས་པའི་སྙིང་རྗེ་ཞིག་དགོས།དེ་མེད་ན་གདུག་རྩུབ་ཆེ་ཞིང་ཡ་ང་བ་མེད་པའི་འདྲེ་དམག་ཡིན་ཞིང་།དེའི་ཁོར་ཡུག་ཡང་འཇིགས་སྐྲག་དང་སྡུག་བསྔལ་གྱི་བཙོན་རྭ་ཡིན།ང་ཚོ་བོད་ཀྱི་རིག་གནས་དང་ལོ་རྒྱུས།མིའི་གཤིས་རྒྱུད་དང་ལྟ་ལྟངས་ལས་ཕན་སེམས་ཆེ་ཞིང་སྙིང་རྗེ་ལྡན་པའི་མི་ནི་ལྷ་དང་དེ་མེད་པའི་མི་ནི་འདྲེ་ཟེར་བས་ལྷ་འདྲེ་གདོན་བགེགས་ཀྱི་དབྱེ་ཞིབ་ཡང་དེ་ལྟར་བཀར།དེས་ན་ང་ཚོ་སུ་ཡིན་ཀྱང་དངོས་ཡོད་བདེན་དོན་དང་ཉམས་མྱོང་འཚོལ་ཞིབ་ཀྱིས་རང་ཉིད་ལྷ་གྲལ་དུ་འོངས་རྒྱུ་ནི་འཛམ་གླིང་ལ་ཕན་སེམས་ཡོད་པའི་འབྲས་རྟགས་ཡིན།       
      སྨྲས་པ།      
      བླ་མེད་ཐེག་ཆེན་སེམས་ཀྱི་རྩ་བ་དང་།།      
      བདེ་སྒྲུབ་སྡུག་སེལ་སྨན་གྱི་ལྗོན་ཤིང་དང་།།      
      སྐྱེ་འཕགས་སངས་རྒྱས་ཀུན་གྱི་གཅེས་ནོར་ཏེ།།      
      བྱམས་དང་སྙིང་རྗེ་ཀུན་ལ་ལྡན་པར་ཤོག །
      

    ཕྱོགས་བསྡུས་གསར་འགྱུར།