མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་12ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་9ཉིན་ནས་ཚེས་11ཉིན་བར་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས། ཞིས་ཅིན་ཕིང་གིས་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་ནས་མིག་སྔའི་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་། 2014ལོའི་དཔལ་འབྱོར་ལད་དོན་ཕྱོགས་བསྡོམས་གནང་བ་མ་ཟད། 2015ལོའི་དཔལ་འབྱོར་ལས་དོན་སྤྱི་ཡོངས་ཀྱི་བླང་བྱ་དང་ལས་འགན་གཙོ་བོའང་བཏོན་གནང་བ་རེད། ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས་སང་ལོའི་སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་ལེན་ཕྱོགས་ཞིབ་པར་གསུངས་པ་དང་། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་གཙོ་གནད་ལས་དོན་སྐོར་བཀོད་སྒྲིག་ཞིབ་ཕྲ་གནང་བ་མ་ཟད། ཕྱོགས་བསྡོམས་ཀྱི་གསུང་བཤད་ཀྱང་གནང་བ་རེད།
     གྲོས་ཚོགས་ཐོག་བསྟན་པར། ད་ལོ་ནས་བཟུང་རྙོག་འཛིང་ཆེ་ཞིང་འགྱུར་བ་མང་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་ཞིང་ལྕི་བའི་རྒྱལ་ནང་བསྒྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་བྱ་རྒྱུའི་ལས་འགན་ལ་དམིགས་ནས་ང་ཚོས་ན་ནིང་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས ཀྱི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་མཐར་ཕྱིན་དང་། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེར་གཏོང་དང་ལེགས་བཅོས། འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་ཆུད་དམ་འཛིན། བརྟན་པོའི་ངང་ཡར་རྒྱས་བརྩོན་ལེན་བྱ་རྒྱུའི་སྤྱིའི་ལས་སྒྲུབ་བྱེད་སྟངས་མཐའ་འཁྱོངས། ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ། སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས། སྤྱི་ཁོག་སྙོམས་སྒྲིག་གི་བསམ་ལམ་དང་བྱེད་སྟངས་གསར་གཏོད། དམིགས་ས་ཡོད་པའི་སྒོ་ནས་སྔོན་གྱི་སྙོམས་སྒྲིག་དང་སྙོམས་སྒྲིག་ཆུང་རྩག་བཅས་བྱས་ཏེ་ཏན་ཏིག་ངང་ལས་དོན་ཁག་ལེགས་པར་བསྒྲུབས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་བརྟན་པོ་འགྲོ་བ་མངོན་འགྱུར་བྱུང་བ་དང་། ལོ་ཧྲིལ་པོའི་དམིགས་ཡུལ་དང་ལས་འགན་གཙོ་བོ་ལེགས་ཙམ་སྒྲུབ་ཐུབ་པའི་རེ་བ་ཡོད་ཅིང་། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་ཐད་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་ལ། བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱེད་པའི་ཐད་འཕེལ་རྒྱས་གལ་ཆེན་བྱུང་བ་མ་ཟད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཡོད། དེ་དང་དུས་མཚུངས་སུ་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་མདུན་དུའང་དཀའ་ངལ་དང་འགྲན་སློང་མང་པོ་ལྷགས་ཡོད་པ་སྟེ། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཆེ་ཙམ་ཡོད་པ་དང་། གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་ཐད་གནས་སྐབས་དཀའ་གནས་སུ་ལྷུང་བའི་གནས་ཚུལ་མངོན་པ། ཁེ་ལས་ཀྱིས་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་ཐད་ཀྱི་དཀའ་ངལ་མང་དུ་སོང་བ། དཔལ་འབྱོར་ཐད་ཀྱི་ཉེན་ཁ་ཁ་ཤས་མངོན་པ་སོགས་རེད།
     གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། འཛམ་གླིང་གི་དཔལ་འབྱོར་སྔར་བཞིན་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་བྱུང་རྗེས་ལེགས་སྒྲིག་གཏིང་ཟབ་པོ་བྱེད་པའི་དུས་སྐབས་སུ་གནས་བཞིན་ཡོད་པ་དང་། སང་ལོར་དཔལའབྱོར་འཕར་སྣོན་འགྲོ་བའི་མྱུར་ཚད་བསྐྱར་དུ་ཅུང་མགྱོ གས་སུ་འགྲོ་སྲིད། འོན་ཀྱང་སྤྱི་ཡོངས་ནས་བསྐྱར་དར་བྱུང་བའི་གནས་ཚུལ་ལེགས་ཕྱོགས་སུ་མངོན་གསལ་འགྲོ་དཀའ་བ་དང་། རྒྱལ་སྤྱིའི་དངུལ་རྩའི་ཚོང་རར་གཡོ་འགུལ་ཆེ་རུ་འགྲོ་སྲིད་ཅིང་། རྒྱལ་སྤྱིའི་ཚོང་ཟོག་འབོར་ཆེན་གྱི་རིན་གོང་འཕར་ཆག་འབྱུང་སྲིད་པ་དང་། ས་བབ་ཐད་ཀྱི་འབྲེལ་བ་དང་ཆབ་སྲིད་སོགས་དཔལ་འབྱོར་གྱི་རྒྱུ་རྐྱེན་མིན་པའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་འགྲོ་སྲིད་པས། ཁེ་ཕྱོགས་འཚེ་འབྱོལ་དང་བབ་དང་བསྟུན་ཐབས་བྱས་ནས་ཉེན་ཁ་སྣ་ཚོགས་འགོག་ཐབས་བྱ་དགོས།