མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་ཀྲོའུ་ཡུང་ཁང་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་ཀྱི་ཆད་པ་
གཅོད་རྒྱུའི་གཏན་འབེབས་བྱས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་10ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༥ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་<<ཀྲོའུ་ཡུང་ཁང་གི་སྒྲིག་འགལ་ཚབས་ཆེའི་གྱོད་གཞིའི་ཐད་ཀྱི་ཞིབ་བཤེར་སྙན་ཞུར་>>གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་བྱུང་ནས་ཀྲོའུ་ཡུང་ཁང་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་ཀྱི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་པ་དང་ཀྲོའུ་ཡུང་ཁང་གི་ཉེས་གསོག་དོགས་ཡོད་གནད་དོན་དང་ཁུངས་སྣེ་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།
         ༢༠༡༣ལོའི་ཟླ་༡༢ཚེས་༡ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུད་ཀྱིས་ཚོགས་འདུ་འཚོགས་ཏེ་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི་ཁྲོད་ཤེས་རྟོགས་བྱུང་བའི་ཀྲོའུ་ཡུང་ཁང་གི་སྒྲིག་འགལ་ཁུངས་སྣེའི་གནས་ཚུལ་སྐོར་གྱི་ཀྲུང་དབྱང་སྒྲིག་ཨུད་ཀྱི་སྙན་ཞུ་ཉན་རྗེས་བབ་བསྟུན་གྱི་ཞིབ་བཤེར་ལས་དོན་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད། ༢༠༡༤ལོའི་ཟླ་༧ཚེས་༢༩ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་ཞིབ་བཤེར་ལས་དོན་སྤེལ་ཚུལ་སྐོར་གྱི་ཀྲུང་དབྱང་སྒྲིག་ཨུད་ཀྱི་སྙན་ཞུ་ཉན་རྗེས་ཀྲོའུ་ཡུང་ཁང་གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
         ཞིབ་བཤེར་བྱས་པ་བརྒྱུད་ཀྲོའུ་ཡུང་ཁང་གིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། གསང་སྲུང་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་བ་དང་། ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་མང་པོ་ཞིག་ལ་ཁྲིམས་འགལ་ཁེ་ཕན་ཐོབ་ཐབས་བྱས་ནས་ཐད་ཀའམ་ཡང་ན་ནང་མི་བརྒྱུད་ལྐོག་རྔན་ཧ་ཅང་མང་པོ་བླངས་པ། འགན་དབང་གང་བྱུང་དུ་སྤྱད་དེ་གཉེན་ཉེ་དང་། ཟུར་བསལ། གྲོགས་པོ་བཅས་ལ་བྱེད་སྒོ་གཉེར་སྐྱོང་བྱེད་རོགས་བྱས་ནས་ཁེ་ཕན་ཧ་ཅང་མང་པོ་ཐོབ་ཐབས་བྱས་པ་དེས་གཞུང་ཁོངས་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པ། ཏང་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པ། སྤྱོད་གཙང་རང་གཅུན་གཏན་འབེབས་ལས་ཚབས་ཆེན་འགལ་ནས་རང་ཉིད་དང་གཉེན་ཉེས་མི་གཞན་གྱི་རྒྱུ་ནོར་འབོར་ཆེན་བླངས་པ། བུད་མེད་མང་པོ་ཞིག་དང་འགབ་མཐུན་བྱས་པ་དང་འབྲེལ་དབང་ཆ་དང་གཡེམ་འཆལ་དང་དངུལ་དང་གཡེམ་འཆལ་ཉོ་ཚོང་བྱས་པ་བཅས་ཡིན་ཞིང་། བརྟག་དཔྱད་བྱེད་སྐབས་ད་དུང་ཀྲོའུ་ཡུང་ཁང་གི་ཉེས་གསོག་དོགས་ཡོད་ཁུངས་སྣེ་གཞན་དག་ཤེས་ཡོད། ཀྲོའུ་ཡུང་ཁང་གི་བྱེད་ལུགས་བྱེད་སྟངས་དེ་དག་ཏང་གི་ངོ་བོ་དང་དམིགས་ཡུལ་དང་རྦད་དེ་འགལ་བ་དང་། ཏང་གི་སྒྲིག་ལམ་དང་ཚབས་ཆེན་འགལ་བ། ཏང་གི་གཟུགས་བརྙན་ལ་གནོད་འཚེ་ཚབས་ཆེན་བཏང་བ། ཏང་དང་མི་དམངས་ཀྱི་བྱ་གཞག་ཐད་གྱོང་གུན་ཚབས་ཆེན་བཟོས་པ། ཤུགས་རྐྱེན་ཧ་ཅང་ངན་པ་བཅས་རེད།