༄༅།།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་མི་༨༩༥༨༥ལ་
ཏང་སྲིད་སྒྲིག་ལམ་གྱི་ཆད་པ་ཕོག་པ།
གསར་འགྱུར་སྤེལ་དུས། 【2014ལོའི་ཟླ་ 12ཚེས་10ཉིན། 08:46】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༥ཉིན་ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚུགས་ཐོག་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། འདི་ལོའི་ཟླ་བཅུ་པར་རྒྱལ་ཡོངས་སུ་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་༥༢༦༣ཞིབ་བཤེར་ཐག་གཅོད་བྱུང་བ་དང་། མི་༦༩༧༧ལ་ཆད་པ་ཕོག་པ། མི་༢༦༩༤ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་ཕོག་ཡོད་པ་རེད།
ཟླ་བཅུ་པར་ཞིབ་བཤེར་ཐག་གཅོད་བྱུང་བའི་གནད་དོན་ཁྲོད་ལས་ཀའི་སྒྲིག་ལམ་ལས་འགལ་བའི་གནད་དོན་༣༢༣༠དང་། གཞུང་དངུལ་བླངས་པའམ་ཡང་ན་གཞུང་དངུལ་སྤྱད་དེ་འཛད་སྤྱོད་རོལ་རྩེད་དང་ལུས་སྦྱོང་བྱེད་སྒོའི་ནང་ཞུགས་པ་དང་དེ་བཞིན་ནུས་མེད་ཟབ་ཟོབ་སོགས་ཀྱི་གནད་དོན་༨༨༨ སྒྲིག་འགལ་ངང་གཞུང་སྤྱོད་རླངས་འཁོར་བཀོད་སྒྲིག་དང་བེད་སྤྱོད་ཀྱི་གནད་དོན་༥༣༡ གཉེན་སྒྲིག་དང་གཤིན་པོ་དུར་སྐྱེལ་སྐབས་རྒྱས་སྤྲོས་རྒྱས་གཤོམ་བྱས་པའི་གནད་དོན་༣༢༩ དུས་ཆེན་སྐབས་ལག་རྟགས་སྤྲོད་ལེན་བྱས་པའི་གནད་དོན་༡༠༤ གཞུང་དངུལ་སྤྱད་དེ་རྒྱས་སྤྲོས་ལོངས་སྤྱོད་བྱས་པའི་གནད་དོན་༨༣ གཞུང་དངུལ་སྤྱད་དེ་ཡུལ་སྐོར་དུ་བསྐྱོད་པའི་གནད་དོན་༨༢ ཐོག་ཁང་དང་ལས་ཤག་བསྐྲུན་པའི་སྒྲིག་འགལ་གྱི་གནད་དོན་༡༦བཅས་ཐོན་ཡོད་པ་རེད།
གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་པ་ནས་བཟུང་། ཟླ་༡༠ཚེས་༣༡ཉིན་བར་རྒྱལ་ཡོངས་སུ་ཁྱོན་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་༦༧༧༣༧ཞིབ་བཤེར་ཐག་གཅོད་བྱུང་བ་དང་། མི་༨༩༥༨༥ལ་ཆད་པ་ཕོག་པ། མི་༢༥༩༧༥ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་ཕོག་ཡོད། དེའི་ཁྲོད་ལས་ཀའི་སྒྲིག་ལམ་ལས་འགལ་བའི་གནད་དོན་༣༠༠༧༢ཐོན་པ་དེས་བསྡོམས་གྲངས་ཀྱི་༤༤.༤༠%ཟིན་པ་དང་། གཞུང་དངུལ་བླངས་པའམ་ཡང་ན་གཞུང་དངུལ་སྤྱད་དེ་འཛད་སྤྱོད་རོལ་རྩེད་དང་ལུས་སྦྱོང་བྱེད་སྒོའི་ནང་ཞུགས་པ་དང་དེ་བཞིན་ནུས་མེད་ཟབ་ཟོབ་སོགས་ཀྱི་གནད་དོན་༡༧༢༢༦ཐོན་པ་དེས་༢༥.༤༣%ཟིན་པ། སྒྲིག་འགལ་ངང་གཞུང་སྤྱོད་རླངས་འཁོར་བཀོད་སྒྲིག་དང་བེད་སྤྱོད་བྱས་པའི་གནད་དོན་༡༢༢༡༥ཐོན་པ་དེས་༡༨.༠༣%ཟིན་པ། གཉེན་སྒྲིག་དང་གཤིན་པོ་དུར་སྐྱེལ་སྐབས་རྒྱས་སྤྲོས་རྒྱས་གཤོམ་བྱས་པའི་གནད་དོན་༣༨༦༤ཐོན་པ་དེས་༥.༧༠%ཟིན་པ། གཞུང་དངུལ་སྤྱད་དེ་རྒྱས་སྤྲོས་ལོངས་སྤྱོད་བྱས་པའི་གནད་དོན་༡༨༠༢ཐོན་པ་དེས་༢.༦༦%ཟིན་པ། གཞུང་དངུལ་སྤྱད་དེ་རྒྱལ་ནང་དུ་ཡུལ་སྐོར་དུ་བསྐྱོད་པའི་གནད་དོན་༡༢༣༣ཐོན་པ་དེས་༡.༨༢%ཟིན་པ། དུས་ཆེན་སྐབས་ལག་རྟགས་སྤྲོད་ལེན་བྱས་པའི་གནད་དོན་༨༨༠ཐོན་པ་དེས་༡.༣༠%ཟིན་པ། ཐོག་ཁང་དང་ལས་ཤག་བསྐྲུན་པའི་སྒྲིག་འགལ་གནད་དོན་༢༨༦ཐོན་པ་དེས་༠.༤༢%ཟིན་པ། གཞུང་དངུལ་སྤྱད་དེ་རྒྱལ་ཕྱིར་ཡུལ་སྐོར་དུ་བསྐྱོད་པའི་གནད་དོན་༡༥༩ཐོན་པ་དེས་༠.༢༣%ཟིན་པ་བཅས་རེད།
