འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་མང་ཚོགས་ཀྱིས་དགའ་སྤྲོའི་ངང་དཔལ་ལྷ་གསོལ་མཆོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་09ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་6ཉིན་ནི་བོད་ཟླ་བཅུ་པའི་ཚེས་བཅོ་ལྔ་ཡིན་པ་དང་།དེ་ཉིན་ནི་བོད་ཀྱི་བུད་མེད་ཚོའི་དམིགས་བསལ་དུས་ཆེན—དཔལ་ལྷའི་གསོལ་མཆོད་ཡིན་ཞིང་།ཞོགས་པ་སྔ་པོ་ནས་གཙུག་ལག་ཁང་ཐང་ཆེན་དུ་བསང་དུད་ལང་ལོང་དུ་འཕྱུར་ཞིང་།བར་སྐོར་ཁྲོམ་གཞུང་དུ་བུད་མེད་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་ལག་ཏུ་ཞིམ་མངར་མཆོད་ཆང་བཏེགས་བཞིན་དུ་ངོ་གདོང་ལས་དགའ་སྤྲོའི་མཛུམ་མདངས་འཕྱུར།
         སྔ་དྲོའི་ཆུ་ཚོད་8དང་སྐར་མ་40ཙམ་དུ་གཙུག་ལག་ཁང་གི་དཔལ་ལྷ་མོའི་སྐུ་བརྙན་མདུན་དུ་བུད་མེད་ཚོས་ཞིམ་མངར་མཆོད་ཆང་གིས་ཁྲུང་ཕོར་བཀང་ནས་ལྷ་མོའི་བྱིན་རླབས་ཞུ་བཞིན་ཡོད།ལོ་64ལ་སླེབས་པའི་ཨ་མ་བདེ་སྐྱིད་ཀྱིས་གཟབ་ནན་ངང་ལག་ནང་གི་ཆང་གཟེད་ཕྲན་བུ་དཔྲལ་བར་བྱུག་རྗེས་ལྷག་མ་རྣམས་བཏུངས།“ངས་མི་རྣམས་ཁྱིམ་ཚང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ལ།ང་ཚོ་བུད་མེད་རྣམས་འཚོ་བ་དེ་བས་སྐྱིད་པོ་ཡོང་བའི་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད”ཅེས་བཤད།
         “དཔལ་ལྷ་མོ”འབྱུང་ཁུངས་ནི་རྒྱ་གར་ནས་ཡིན་པ་དང་།རྒྱ་གར་གྱི་ཆོས་ལུགས་དང་བྲམ་ཟེའི་ཆོས་ལུགས་ཀྱི་ལས་དབང་དང་།རྒྱུ་ནོར།སྐྱེ་འབྲས་བཟང་བ་བཅས་མཚོན་བྱེད་ཀྱི་ལྷ་མོ་ཞིག་རེད།བོད་དུ་དར་རྗེས་བོད་བརྒྱུད་ནང་བསྟན་གྱི་སྲུང་མའི་གྲས་ཤིག་ཏུ་གྱུར་ནས་གཙུག་ལག་ཁང་དུ་སྐུ་དྲག་པོའི་ཚུལ་གྱིས་བཞུགས་སུ་གསོལ།བོད་ཀྱི་དམངས་ཁྲོད་ཤོད་རྒྱུན་ནང་གཙུག་ལག་ཁང་གི་ཐོག་སོ་གཉིས་པ་དང་གསུམ་པའི་བར་གྱི་ལྷ་ཁང་ནང་གི་དཔལ་ལྡན་ལྷ་མོ་དྲག་པོ་དང་ཞི་བ་གཉིས་ཀྱི་ཆོས་ཀྱི་མཚན་ཉིད“སྦལ་གདོང་མ”དང་དེ་བཞིན“དཔལ་ལྷ་མོ”ནི་དཔལ་ལྡན་ལྷ་མོའི་བུ་མོ་ཡིན་པ་དང་བོད་ཀྱི་དཔལ་ལྷའི་གསོལ་མཆོད་དེའང་བུ་མོ་སྦལ་གདོང་མར་དམིགས་པ་ཞིག་ཡིན་ཞིང་།ཤོད་རྒྱུན་ལ་སྦལ་གདོང་མས་ཐུགས་ཤིན་ཏུ་བཙན་པའི་ཨ་མའི་ལྐོག་ཏུ་སྐུ་སྲུང་ཆོས་སྐྱོང་གྲིབ་རྫོང་བཙན་དང་དགའ་རོགས་བསྒྲིགས་པ་ཨ་མས་ཤེས་རྗེས་ཁོང་ཁྲོ་ཆེན་པོ་ལངས་ནས་གྲིབ་རྫོང་བཙན་དེ་ལྷ་ས་སྐྱིད་ཆུའི་ཕ་རོལ་གྱི་བུམ་པ་རིར་ཕྱིར་འབུད་བཏང་ནས་སྦལ་གདོང་མ་དང་ལོ་རེར་ཐེངས་རེ་ལས་ཐུག་འཕྲད་བྱེད་དུ་འཇུག་གི་མེད།སྦལ་གདོང་མའི་བརྩེ་དུང་གི་གཏམ་རྒྱུད་སྐྱོ་སྣང་ལྡན་པ་ཞིག་ཡོད།ཆོས་ཀྱི་དབྱིངས་སུ་ཁོང་ནི་བྱམས་སྙིང་རྗེའི་སྲུང་མ་ཞིག་ཡིན་ཞིང་།བུད་མེད་དང་བྱིས་པར་སྐྱབས་རོགས་གནང་གི་ཡོད་པར་གྲགས་པས་དད་ལྡན་མང་ཚོགས་ཀྱིས་སྙིང་དབུས་ནས་བརྩི་བཀུར་ཞུ་བ་དང་མི་ཚོས་ཁོང་རྣམ་གཉིས་མཇལ་འཕྲད་ཀྱི་ཉིན་དེ་ལྷ་སའི་བུད་མེད་ཀྱི་དུས་ཆེན་གཟབ་ཤོས་སུ་གཏན་འཁེལ་བྱས་པ་རེད།
         ཉིན་དགུང་དུས་སུ་སྟོད་ལུང་བདེ་ཆེན་རྫོང་ནས་ཡིན་པའི་སྒྲོལ་དཀར་གྱིས་དགོན་པའི་ནང་གི་མཛད་སྒོ་མཇུག་འགྲིལ་རྗེས་བྱིན་རླབས་ཞུས་པའི་ཁ་བཏགས་སྐེར་བཏགས་པ་དང་ལག་ཏུ་ཆང་འཁྱེར་ནས་གཅེན་གཅུང་ཁ་ཤས་དང་མཉམ་དུ་གཙུག་ལག་ཁང་མདུན་དུ་འཛོམས་ཏེ་ཆང་འཐུང་གླུ་ལེན་དང་སྒོར་གཞས་འཁྲབ་པ་དང་དེ་རྗེས་བུད་མེད་དེ་བས་མང་བ་དེའི་ནང་ཞུགས་ནས་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མངོན།
      

    ཕྱོགས་བསྡུས་གསར་འགྱུར།