འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་ཕན་ཚུན་རྟེན་འབྲེལ་
    གློག་འཕྲིན་བཏང་གནང་བ།

    ཀྲུང་གོ་དང་པར་ཙིར་གྱིས་ས་གོ་ལའི་ཐོན་ཁུངས་སྲུང་སྐར་འཕེན་གཏོང་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་09ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༧ཉིན་ཀྲུང་གོ་དང་པར་ཙིར་གྱིས་མཉམ་འབྲེལ་ཐོག་ཞིབ་བཟོ་བྱས་པའི་ས་གོ་ལའི་ཐོན་ཁུངས་སྲུང་སྐར་༠༤དེ་ཐའེ་ཡོན་དུ་ལེགས་གྲུབ་ལྡན་པའི་ངང་འཕེན་གཏོང་ཐུབ་ཅིང་། དེ་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པར་ཙིར་གྱི་ཙུང་ཐུང་ལུའོ་སེ་ཕུའུ་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
         རྟེན་འབྲེལ་གློག་འཕྲིན་ནང་ཞིས་ཅིན་ཕིང་གིས་ཀྲུང་པར་ས་གོ་ལའི་ཐོན་ཁུངས་སྲུང་སྐར་གྱི་མཉམ་ལས་རྣམ་གྲངས་དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ནང་མཉམ་ལས་བྱས་ནས་ལེགས་གྲུབ་བྱུང་བའི་སྔོན་དཔེ་བཏོད་ཡོད། ལོ་མང་རིང་ཀྲུང་པར་ས་གོ་ལའི་ཐོན་ཁུངས་སྲུང་སྐར་རྣམ་གྲངས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དེས་རྒྱལ་ཁབ་གཉིས་པོའི་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། སྲུང་སྐར་༠༤འཕེན་གཏོང་ལེགས་གྲུབ་བྱུང་བ་དེ་ཀྲུང་གོའི་རྒྱང་སྐྱོད་རྟགས་ཅན་གྱི་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་ཐེངས་༢༠༠པ་བྱས་པ་དང་ཏག་ཏག་འཁེལ་བས་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་ཚན་རྩལ་མཉམ་ལས་ཀྱི་གྲུབ་འབྲས་དང་ཆུ་ཚད་གསར་ཤོས་ངོམ་ཐུབ་པ་བྱུང་ཡོད། ཕྱོགས་གཉིས་པོས་ཀྲུང་པར་འཇིག་རྟེན་འཕུར་སྐྱོད་མཉམ་ལས་ལོ་བཅུ་བྱ་རྒྱུའི་འཆར་གཞི་དོན་འཁྱོལ་ཧུར་ཐག་བྱེད་པ་དང་ཚན་རྩལ་གསར་གཏོད་མཉམ་ལས་བྱ་ཤུགས་ཆེ་རུ་བཏང་ནས་ཀྲུང་པར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་སྙིང་དོན་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         རྟེན་འབྲེལ་གློག་འཕྲིན་ནང་ལུའོ་སེ་ཕུའུ་ཡིས་མི་རིང་བའི་གོང་ང་དང་ཀྲུའུ་ཞི་ཞིས་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་པུའུ་ལི་སེ་པན་དབུ་ཚོགས་ཐོག་མཇལ་འཕྲད་བྱུང་། ཀྲུང་པར་ས་གོ་ལའི་ཐོན་ཁུངས་སྲུང་སྐར་མཉམ་ལས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་གཏིང་ཤུགས་མངོན་ཡོད་པའི་ངོས་འཛིན་གཅིག་མཐུན་བྱུང་། ང་ཚོས་ལྷོ་ལྷོ་མཉམ་ལས་ཀྱི་སྙིང་སྟོབས་རྒྱུན་འཛིན་གྱིས་སྲུང་སྐར་པར་རིས་རིན་མེད་ངང་ཨ་ཧྥེ་རི་ཁ་གླིང་ཆེན་དང་ལ་ཏིང་མེ་གླིང་རྒྱལ་ཁབ་དང་མཉམ་སྤྱོད་བྱ་རྒྱུ་ཡིན་པས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད། སྲུང་སྐར་༠༤ལེགས་གྲུབ་ལྡན་པའི་ངང་འཕེན་གཏོང་ཐུབ་པ་དེས་ཀྲུང་པར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ཀྲུང་པར་ས་གོ་ལའི་ཐོན་ཁུངས་སྲུང་སྐར་མཉམ་ལས་ཐད་པར་ཙིར་ཕྱོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།