འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱང་སྐྱོད་རྟགས་ཅན་གྱི་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་
    ༢༠༠ནང་གི་ཐེངས་དང་པོ་འགའ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་09ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ★ཐེངས་དང་པོ་འཕེན་གཏོང་བྱས་པ།
         ༡༩༧༠ལོའི་ཟླ་༤ཚེས་༢༤ཉིན་རྒྱང་སྐྱོད་ཨང་དང་པོ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་ཤར་ཕྱོགས་དམར་ཨང་དང་པོ་རྟགས་ཅན་གྱི་སྲུང་སྐར་དེ་གྲུབ་འབྲས་ཐོབ་པའི་ངང་ཉེ་སའི་འཁོར་ལམ་དུ་འཕེན་གཏོང་བྱས་པས་རང་རྒྱལ་འདི་ཉིད་སུའུ་ལན་དང་། ཨ་རི། ཧྥ་རན་སེ། རི་པིན་བཅས་རྗེས་ཀྱི་འཛམ་གླིང་ཐོག་གི་རང་སོ་སོས་ཞིབ་བཟོ་བྱས་པའི་མེ་ཤུགས་འཕུར་མདས་རང་རྒྱལ་ཁབ་ཀྱི་སྲུང་སྐར་གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱེད་མཁན་རྒྱལ་ཁབ་ཨང་ལྔ་པར་གྱུར།
         ★ཕྱིར་ལོག་རྣམ་པའི་སྲུང་སྐར་དང་པོ།
         ༡༩༧༥ལོའི་ཟླ་༡༡ཚེས་༢༦ཉིན་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་གྲུབ་འབྲས་ཐོབ་པའི་ངང་ཕྱིར་ལོག་རྣམ་པའི་སྲུང་སྐར་འཕེན་གཏོང་བྱས་པ་དང་ཉིན་གསུམ་རྗེས་སྲུང་སྐར་ས་ངོས་སུ་ཕྱིར་ལོག་བྱས་ནས་རང་རྒྱལ་གྱི་འཇིག་རྟེན་མཁའ་སྐྱོད་ལོ་རྒྱུས་ཐོག་གི་ལེའུ་གསར་པ་ཞིག་གཏོད།
         ★འགུལ་མེད་འཁོར་ལམ་གྱི་ཚོད་ལྟའི་འཕྲིན་གཏོང་སྲུང་སྐར་དང་པོ།
         ༡༩༨༤ལོའི་ཟླ་༤ཚེས་༨ཉིན་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་རང་རྒྱལ་གྱི་ས་གོ་ལའི་འགུལ་མེད་འཁོར་ལམ་གྱི་ཚོད་ལྟའི་འཕྲིན་གཏོང་སྲུང་སྐར་དང་པོ་དེ་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས་པས་རང་རྒྱལ་འདི་ཉིད་འཛམ་གླིང་ཐོག་གི་དྲོད་དམའ་ནུས་ཆེའི་ཆིང་དབྱང་སྒུལ་བྱེད་འཕྲུལ་འཁོར་གྱི་ལག་རྩལ་སྟངས་འཛིན་ཐུབ་པའི་རྒྱལ་ཁབ་ཨང་གསུམ་པར་གྱུར།
         ★གནམ་གཤིས་ཀྱི་སྤྲིན་རླུང་སྲུང་སྐར་དང་པོ།
         ༡༩༨༨ལོའི་ཟླ་༩ཚེས་༧ཉིན་རང་རྒྱལ་གྱི་གནམ་གཤིས་སྲུང་སྐར་དང་པོ་ཡིན་པའི་སྤྲིན་རླུང་ཨང་དང་པོ་རྟགས་ཅན་གྱི་Aསྲུང་སྐར་དེ་གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས་པ་དེ་ཐོག་ནས་རང་རྒྱལ་གྱིས་སྤྲིན་རླུང་ལ་བརྟག་ཞིབ་ཚད་ལེན་དང་གནོད་འཚེ་ཆེ་བའི་གནམ་གཤིས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་བྱེད་པའི་ནུས་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན།
         ★མི་ཞུགས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དང་པོ།
         དུས་རབས་གོང་མའི་ལོ་རབས་༩༠པའི་དུས་མཇུག་ཏུ་རང་རྒྱལ་གྱིས་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་Fམེ་ཤུགས་འཕུར་མདའ་གྲུབ་འབྲས་ཐོབ་པའི་ངང་ཞིབ་བཟོ་བྱས་པ་དེ་རང་རྒྱལ་གྱི་མི་བཞུགས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དང་པོར་གྱུར་བ་དང་༡༩༩༩ལོར་འཕེན་གཏོང་ཐོག་མ་བྱས་པ་ལམ་ལྷོངས་བྱུང་། ༢༠༠༣ལོའི་ཟླ་༡༠ཚེས་༡༥ཉིན་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་Fསྐྱེལ་འདྲེན་མེ་ཤུགས་འཕུར་མདས་ལྷ་གྲུ་ཨང་ལྔ་པ་རྟགས་ཅན་གྱི་འཕུར་གྲུ་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་དབྱང་ལི་ཝུའེ་ནི་རང་རྒྱལ་གྱི་འཇིག་རྟེན་མཁའ་སྐྱོད་པ་ཨང་དང་པོར་གྱུར་བ་དང་རང་རྒྱལ་འདི་ཉིད་འཛམ་གླིང་ཐོག་གི་མི་བཞུགས་འཇིག་རྟེན་མཁའ་སྐྱོད་ཀྱི་ལག་རྩལ་སྟངས་འཛིན་ཐུབ་པའི་རྒྱལ་ཁབ་ཨང་གསུམ་པར་གྱུར།
         ★ཟླ་བའི་གོ་ལའི་ལྟ་ཞིབ་ཚད་ལེན་སྲུང་སྐར་དང་པོ།
         ༢༠༠༧ལོའི་ཟླ་༡༠ཚེས་༢༤ཉིན་རྒྱང་སྐྱོད་གསུམ་པ་ཀ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་ཀྲུང་གོའི་ཟླ་བའི་གོ་ལའི་ལྟ་ཞིབ་ཚད་ལེན་སྲུང་སྐར་ཐོག་མ་ཡིན་པའི་ཟླ་བའི་ལྷ་མོ་ཨང་དང་པོ་རྟགས་ཅན་དེ་གྲུབ་འབྲས་ཐོབ་པའི་ངང་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་འཕེན་གཏོང་བྱས་ནས་ཟླ་བའི་གོ་ལར་བརྟག་ཞིབ་ཚད་ལེན་བྱེད་འགོ་ཚུགས།
         ༢༠༡༠ལོའི་ཟླ་༡༠ཚེས་༡ཉིན་རྒྱང་སྐྱོད་གསུམ་པ་ག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་ཟླ་བའི་ལྷ་མོ་ཨང་གཉིས་པ་རྟགས་ཅན་གྱི་སྲུང་སྐར་གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས།
         ༢༠༡༣ལོའི་ཟླ་༡༢ཚེས་༢ཉིན་རྒྱང་སྐྱོད་གསུམ་པ་ཁ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་གཞོགས་འདེགས་འོག་ཟླ་བའི་ལྷ་མོ་ཨང་གསུམ་པ་བདེ་བླག་ངང་ཐང་བབ་ཐུབ་པ།
         ༢༠༡༣ལོའི་ཟླ་༡༢ཚེས་༡༥ཉིན་ཟླ་བའི་ལྷ་མོ་ཨང་གསུམ་པ་རྟགས་ཅན་གྱི་བརྟག་ཞིབ་ཚད་ལྡན་ཡོ་བྱད་ཟླ་ངོགས་སུ་སྐྱོན་མེད་ཐང་བབ་ཐུབ་པ་དང་རི་བོང་རྟགས་ཅན་གྱི་ཟླ་བའི་གོ་ལའི་འཁོར་གྲུས་ཟླ་ངོས་སུ་སྐོར་ཞིབ་ཚད་ལེན་ཐུབ་པས་རང་རྒྱལ་འདི་ཉིད་འཛམ་གླིང་ཐོག་གི་འཇིག་རྟེན་མཁའ་སྐྱོད་ཡོ་བྱད་སའི་གོ་ལ་ཕུད་པའི་གནམ་གཟུགས་ལ་སྐྱོན་མེད་ཐང་བབ་ཐུབ་པའི་རྒྱལ་ཁབ་ཨང་གསུམ་པར་གྱུར་བ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།