འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་19
    པའི་ཐོག་རང་མོས་ཚོང་དོན་ཁུལ་གྱི་འཐབ་ཇུས་མགྱོགས་མྱུར་ངང་ལག་བསྟར་
    བྱེད་དགོས་ཞེས་ནན་བཤད་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་08ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རང་མོས་ཚོང་དོན་ཁུལ་འཛུགས་མགྱོགས་སུ་གཏོང་བའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དགུ་པ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་ཕྱོགས་གསར་པ་དང་འཚམ་པ་དང་། རྒྱལ་སྤྱིའི་དུས་བབ་ཀྱི་འགྱུར་ལྡོག་གསར་པར་གནད་ལ་འཁེལ་བའི་ངང་བརྡར་ཤ་གཅོད་པ། རྒྱལ་ནང་གི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ་བཅས་བྱས་ནས་དེ་བས་དགེ་མཚན་ལྡན་ལ་ནུས་ལྡན་གྱི་བྱ་སྤྱོད་ཐོག་ནས་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། རང་མོས་ཚོང་དོན་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱེད་མགྱོགས་སུ་གཏོང་བ། སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་འཛུགས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཕྱི་ཕྱོགས་སྒོ་དབྱེའི་རང་འགུལ་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རང་འགུལ་གྱི་དབང་ཆ་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་འགུལ་གྱི་དབང་ཆ་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཞིས་ཅིན་ཕིང་གིས་རང་མོས་ཚོང་དོན་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱེད་མགྱོགས་སུ་གཏོང་རྒྱུ་དེ་ནི་དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་ཕྱོགས་གསར་པ་དང་འཚམ་པ་བྱེད་པའི་དངོས་ཡོད་བླང་བྱ་ཞིག་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་འཛུགས་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན་ལ་རང་རྒྱལ་གྱིས་ཕྱི་ཕྱོགས་འབྲེལ་བའི་འཆར་གཞི་ཧུར་ཐག་འདིང་བ་དང་ཕྱི་ཕྱོགས་ཀྱི་འཐབ་ཇུས་དམིགས་ཚད་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ང་ཚོས་རང་མོས་ཚོང་དོན་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱེད་མགྱོགས་སུ་གཏོང་བ་དང་། ཚོང་དོན་མ་འཇོག་བྱེད་རིང་རང་མོས་ཚོང་དོན་ཁུལ་གྱི་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། རང་རྒྱལ་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་བྱ་རྒྱུར་དེ་བས་ལེགས་པའི་རོགས་རམ་བྱེད་པ་བཅས་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཆེད་སྒུལ་ཤུགས་དང་གསོན་ཤུགས་གསར་པ་སྣོན་པ་དང་ཁོར་ཡུག་གསར་པ་རྒྱ་ཆེར་གཏོང་དགོས། རང་མོས་ཚོང་དོན་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱེད་མགྱོགས་སུ་གཏོང་རྒྱུ་དེ་ནི་རང་རྒྱལ་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་ནང་ཧུར་ཐག་ཞུགས་པའི་སྒྲིག་སྲོལ་བཟོ་བ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གི་ལམ་ལུགས་རང་བཞིན་གྱི་དབང་ཆ་བརྩོན་ལེན་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཡིན། ང་ཚོས་དེའི་ནང་ཞུགས་མཁན་དང་སྣེ་ཁྲིད་པ་ཞིག་བྱེད་དགོས་པ་ལས་ཟུར་ནས་ལྟ་མཁན་དང་རྗེས་འབྲངས་པ་ཞིག་བྱེད་མི་རུང་། རང་མོས་ཚོང་དོན་ཁུལ་འཛུགས་མཁས་པོ་བྱས་ཏེ་རང་རྒྱལ་གྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་རྒྱལ་སྤྱིའི་སྒྲིག་སྲོལ་བཟོ་སྐབས་ཀྲུང་གོའི་གསུང་སྒྲ་དེ་བས་མང་བ་ཡོད་པ་དང་ཀྲུང་གོའི་གཞི་རྒྱུ་དེ་བས་མང་བ་འདུས་པ་བྱས་ཏེ་རང་རྒྱལ་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་དང་རྒྱ་ཆེར་གཏོང་དགོས་པའི་ནན་བཤད་གནང་བ་རེད།
          ཞིས་ཅིན་ཕིང་གིས་འདྲ་མཉམ་དང་། སྒོ་དབྱེ། ཕྱི་གསལ་ནང་གསལ་བཅས་ཀྱི་ཁྲོམ་རའི་སྒྲིག་སྲོལ་བཙུགས་ནས་རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། གདན་འདྲེན་ཞུ་བ་དང་ཕྱིར་སྐྱོད་པ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱི་ཕྱོགས་མ་འཇོག་གི་སྒྲིག་གཞི་དང་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ཁེ་ལས་ཀྱིས་ཕྱི་ཕྱོགས་སུ་མ་འཇོག་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་ཐོན་ཁུངས་བཀོད་སྒྲིག་དང་ཁྲོམ་ར་གསར་འབྱེད་བྱེད་ཕོད་པ་དང་བྱེད་མཁས་པོ་ཡོང་བ་བྱེད་དགོས། ཚོང་དོན་རྒྱལ་ཁབ་ཆེན་པོ་ནས་ཚོང་དོན་སྟོབས་ཆེའི་རྒྱལ་ཁབ་ཀྱི་ཕྱོགས་སུ་གང་མགྱོགས་བསྐྱོད་དེ་ཕྱི་ཕྱོགས་ཚོང་དོན་གྱི་སྲོལ་རྒྱུན་ལེགས་ཆ་སྲ་བརྟན་དང་། འགྲན་རྩོད་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་། ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱ་ཆེར་གཏོང་བ། ནང་འདྲེན་རྒྱ་ཆེར་ཧུར་ཐག་གཏོང་བ་བཅས་བྱེད་དགོས། འཐབ་ཇུས་ཀྱི་བསམ་གཞིག་དང་གོ་ལ་ཧྲིལ་པོའི་མིག་རྒྱང་ཡོད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ཕན་ཚུན་འབྲེལ་བ་བྱེད་པའི་མཐོ་ཚད་ཐོག་ནས་རང་རྒྱལ་དང་འཛམ་གླིང་གི་འཕེལ་རྒྱས་ལ་ཞིབ་ལྟ་བྱས་ཏེ་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།