འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།དྲུང་ཆེན་ཤེས་རབ་རྒྱ་མཚོའི་རྣམ་ཐར་མདོར་བསྡུས།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་08ཉིན། 08:35】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          བླ་བྲང་བཀྲ་ཤིས་འཁྱིལ་གྱི་དྲུང་ཡིག་ཆེན་མོ་ཤེས་རབ་རྒྱ་མཚོ་ནི་མདོ་སྨད་ས་ཡི་ཐིག་ལེར་འཇམ་དབྱངས་བཞད་པའི་རྡོ་རྗེས“ཕྱོགས་གང་དུ་ཕྱིན་ཀྱང་དཔྱད་བཟང་བ་རྩྭ་ཆུ་འཛོམ་པ། སྐྱིད་ཅིང་བག་ཕེབས་པ། ས་རུས་བཟང་ལ་ཀུན་འཛོམ་ཞིག་རྩེ་གཞུང་ལས་ལྷག་པ་མེད”གསུངས་ནས། དགེ་ལྡན་རྣམ་རྒྱལ་གླིང་དགོན་པ་བཏབ། གནས་དེར་བཀྲ་ཤིས་ཆོས་རྫོང་ཞེས་པའི་མིང་བཏགས་པའི་ཡུལ་གྲུ་ས་ཡི་དགེ་དགུ་ཡོངས་སུ་འཛོམ་པ་རྩེ་གཞུང་ཞེས་པའི་ས་ཆ་ནི་ཁོང་གི་འཁྲུངས་ཡུལ་ཡིན། ས་དེར་སྔོན་སོག་དམག་འཛུལ་ནས་བཟུང་། མདོ་སྟོད་སྨད་དང་དབུས་གཙང་བཅས་སུ་སོག་ཨོ་རོད་རྒྱལ་པོ་གུ་ཤཱི་བསྟན་འཛིན་ཆོས་རྒྱལ་གྱི་རྒྱུད་པ་རྣམས་ཀྱིས་མི་རབས་འགའི་བར་དབང་བསྒྱུར་བྱས། རབ་བྱུང་བཅུ་གཉིས་པའི་ཆུ་མོ་ཡོས་ཀྱི་ལོར(1723)ཆིང་དམག་གིས་བསྟན་འཛིན་ཝང་བཏུལ་རྗེས་སོག་པོའི་དབང་བསྒྱུར་བསྒྱེལ་ཡང་མཚོ་སྔོན་གྱི་ས་མང་པོར་སོག་རིགས་མང་པོ་ལྷག་ཡོད་སྟབས། དྲུང་ཆེན་ཤེས་རབ་རྒྱ་མཚོའི་རིགས་རྒྱུད་ཀྱང་ཡབ་ནོའི་ཁོ་དང་། ཡུམ་ཙི་ན་ཐར་རྣམ་གཉིས་སོག་རིགས་ཡིན་ཞིང་། བོད་རབ་བྱུང་བཅུ་གསུམ་པའི་ཆུ་མོ་ཕག་གི་ལོ(1803)ལ་རྩེ་གཞུང་ཁོངས་ཀྱི་བྲག་དམར་མདོར་སྐུ་འཁྲུངས། 
          གཅེས་པར་བསྐྱངས་ནས་དགུང་ལོ་དྲུག་བདུན་ལ་ཕེབས་པ་ན། ཁུ་བོ་ཇེ་སང་བླ་མ་ངག་དབང་འདུལ་འཛིན་ཀློག་སློབ་པའི་སློབ་དཔོན་དུ་བསྟེན། ལོ་གཅིག་ལྷག་རིང་ལ། དབུ་ཅན། དབུ་མེད། སྐུངས་ཡིག སྔགས་སོགས་སྦྱོར་ཀློག་ཕུན་སུམ་ཚོགས་པར་གྱུར། རྒྱ་གར་ལཉྩ་དང་ཝརྟུ། ཨང་ཡིག མཁའ་འགྲོའི་བརྡ་ཡིག་དཀྲུགས་ཡིག་སྣ་ཚོགས་བཅས་ལ་ཐོགས་པ་མེད་པར་མཛད། ད་དུང་ཀ་རའི་ཡི་གེ   ནེེ་པ་ལའི་ཡི་གེ   ཧོར་ཡིག་གསར་རྙིང་རྣམས་ཀྱང་སྦྱངས། མདོར་ན་ཡིག་རིགས་སྣ་ཚོགས་འབྲི་ཀློག་ལ་འགྲན་ཟླ་བྲལ་བ་བྱུང་། 
          དགུང་ལོ་བདུན་བཞེས་པ་རབ་བྱུང་བཅུ་བཞི་པའི་ས་མོ་སྦྲུལ་གྱི་ལོར་འཇམ་དབྱངས་བཞད་པ་སྐུ་ཐོག་གསུམ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དབུས་ཕེབས་གྲ་སྒྲིག་གི་ཆེད་དུ་སྦྱིན་བདག་སོ་སོར་འབྱོན་བཞུད་གནང་། དཔོན་ས་ཆིང་ཝང་གིས་གདན་འདྲེན་ཞུས་ཏེ་རྩེ་གཞུང་དུ་ཕེབས། སྐུ་ཞང་བླ་མས་ཁོང་འཇམ་དབྱངས་བཞད་པའི་མདུན་གྲྭ་རྒྱུན་དུ་ཕུལ། འཇམ་དབྱངས་བཞད་པས་དགྱེས་ཚོར་ཆེན་པོས་གྲྭ་པ་ལེགས་པོ་འོང་ཞེས་པའི་བཀའ་ལུང་དང་བཅས་ཕྱག་མདུད་བསྩལ། དེ་ནས་བཟུང་རིངས་པར་བླ་བྲང་བཀྲ་ཤིས་འཁྱལ་དུ་གྲྭ་སར་འགྲོ་རྒྱུའི་ཐུགས་འདུན་རྒྱུན་དུ་འཁྲུངས། བླ་བྲང་དགོན་དུ་བཞུགས་པའི་གུང་ཐང་བསྟན་པའི་སྒྲོལ་མེའི་སྙན་པ་ཐོས་པས། ལུས་བ་སྤུ་གཡོ་ཞིང་མིག་མཆི་མ་འཁྲུགས་པའི་དད་པ་འཁྲུངས། དགུང་ལོ་བཅུ་དྲུག་པ་ས་ཕོ་སྟག་གི་ལོར་སོག་པོའི་ཚོང་འགྲུལ་རྣམས་དང་འགྲོགས་ཏེ་ཟླ་བ་བཅུ་པའི་ཚེས་འགོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་འབྱོར། ཟླ་དེའི་ཚེས་བརྒྱད་ལ་རྡོ་རམས་པ་དཀོན་མཆོག་དགེ་འདུན་གྱི་དྲུང་དུ་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་དང་རབ་བྱུང་གི་སྡོམ་པ་ཞུས་ཏེ་ངུར་སྨྲིག་གི་རྒྱལ་མཚན་བཞེས་ཤིང་སངས་རྒྱས་བསྟན་པའི་སྒོར་ཞུགས། ཚེས་བཅུ་བདུན་ཉིན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲྭ་ཚང་བཞིའི་ཡ་གྱལ་ཐོས་བསམ་གླིང་གྲྭ་ཚང་གི་ཆོས་གྲྭར་ཞུགས། དགེ་བའི་བཤེས་གཉེན་དཀོན་མཆོག་དོན་ཡོད་སློབ་དཔོན་དུ་བསྟེན་ནས་བསྡུས་གྲྭ་སྦྱངས། དགུང་ལོ་བཅུ་བདུན་པ་ས་མོ་ཡོས་ཀྱི་ལོའི་ཟླ་བ་དང་པོར་གུང་ཐང་བསྟན་པའི་སྒྲོན་མེའི་སྤྱན་སྔར་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་དཀོན་མཆོག་བསྟན་འཛིན་ཞེས་པ་བསྩལ། གཞན་ཡང་འཇམ་བཞད་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། དཀོན་མཆོག་བསྟན་པའི་སྒྲོན་མེ། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ། དཔལ་མང་དཀོན་མཆོག་རྒྱལ་མཚན། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་སོགས་མཁས་དབང་བཅུ་ཕྲག་གསུམ་ལ་ཉེ་བར་བསྟེན་ནས། དབང་རྗེས་གནང་ལུང་ཁྲིད་མན་ངག་མང་པོ་ཞུས། མདོ་སྔགས་གཞུང་ལུགས་མང་པོར་གསན་བསམ་རྒྱ་ཆེན་མཛད། བསོད་གྲགས་སྤྲུལ་པའི་སྐུ་དཀོན་མཆོག་རྒྱ་མཚོའི་ཕྱག་གཡོག་བྱས་ནས་ཐག་ཉེ་རིང་མང་དུ་ཕེབས། བླ་མས་སྐབས་འགར་བཀའ་བཀྱོན་ཕྱག་འབེབས་མཛད་ནའང་གུས་པས་ཁུར། སྐབས་ཤིག་བསོད་གྲགས་རིན་པོ་ཆེ་དང་ཁོང་དཔོན་སློབ་འབྲོག་ཕྱོགས་སུ་ཕེབས་དུས་ཤིག་ལ། འཇམ་དབྱངས་བཞད་པའང་དེར་བཞུགས་ཡོད་པ་མཇལ། འཇམ་བཞད་གཟིམ་གུར་ནས་ཕྱིར་བྱོན་ཏེ་བསོད་གྲགས་ལ། “ཁྱོད་ཀྱི་གྲྭ་པ་བསྟན་འཛིན་འདི། གྲྭ་པ་ལེགས་པོ། རྣམ་དཔྱོད་དང་གོ་རྒྱ་ཅན་སྙན་དངགས་སོགས་རིག་གནས་ལ་མཁས་པ། ཡོན་ཏན་ཅན་ཞིག་རེད་འདུག ང་ལ་ད་ལྟ་ཡིག་མཁན་བཟང་པོ་མེད་པས་འདི་གར་བསྡད་ན་རུང་ངམ་”གསུངས། བསོད་གྲགས་པས་ཁོ་རང་འཐད་ན་ལོས་ཆོག་ཞུས། 
          དེ་ནས་འཇམ་བཞད་སྐུ་ཕྲེང་གསུམ་པའི་དྲུང་ཡིག་གི་འགན་བཞེས། བཀའ་ཤོག་དང་སྤྲིངས་ཡིག་སོགས་ཕྱག་བྲིས་གང་དགོས་ཡོད་ཚད་ཆད་ལུས་མེད་པར་ཁོང་གིས་བྲིས། འཇམ་བཞད་པས་དྲུང་ཡིག་གཞན་དག་གིས་བྲིས་པ་རྣམས་ལ་བཅོས་བསྒྱུར་མང་པོ་མཛད་ཀྱང་། ཁོང་གིས་བྲིས་པ་རྣམས་ལ་ཐུགས་གཏིང་ནས་དགྱེས་ཤིང་། ཨ་ཁུ་བསྟན་འཛིན་གྱིས་བྲིས་པ་ལ་བཅོས་བསྒྱུར་ག་ལ་དགོས་གསུངས་ནས་བཅོས་བསྒྱུར་མི་མཛད། དཔལ་མང་དཀོན་མཆོག་རྒྱལ་མཚན་གྱི་དྲུང་དུ་རྒྱལ་ཚབ་རྗེའི་ཚད་མའི་བརྗེད་བྱང་ཆེན་མོ་དང་ཚད་མ་མདོ། ཚད་མ་སྡེ་བདུན་སོགས་ཚད་མའི་དཔེ་ཆ་རྣམས་ལ་སྦྱངས་པ་མཐིལ་ཕྱིན་མཛད། དགུང་ལོ་ཉི་ཤུ་པར་རྡོ་རམས་པ་དཀོན་མཆོག་དབང་ཕྱུག་སོགས་ལས་ཕར་ཕྱིན་སྐོར་གསན། གདན་སའི་ཡིག་ཆ་མཐར་དག་གཟིགས་ཐོག བོད་ཀྱི་མཁས་པ་གོང་མའི་དགག་སྒྲུབ་ཀྱི་རིགས་པའི་འགྲོས་ཚང་མར་ཐུགས་དཔྱད་ཞིག་ཏུ་མཛད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་དོན་ཐུགས་སུ་ཆུད། ལོ་བཞིའི་རིང་སྦྱངས་ཏེ་དགུན་ཆོས་སྟེང་ཕར་ཕྱིན་གྱི་གྲྭ་སྐོར་མཛད་པས། དགེ་བཤེས་མང་པོས་བསྔགས་བརྗོད་མཛད། དགུང་ལོ་ཉེར་བཞི་པར་དབུ་མའི་གཞུང་ལུགས་སྦྱོང་བའི་དབུ་ཚུགས། སློབ་དཔོན་ཀླུ་སྒྲུབ་ཀྱི་རིགས་ཚོགས་དྲུག་དང་། དཔལ་ལྡན་ཟླ་བའི་དབུ་མ་འཇུག་པ་གཙོས་དབུ་མའི་སྐོར་གྱི་གཞུང་ལུགས་མང་པོ། གུང་ཐང་བསྟན་སྒྲོན་དང་། དཔལ་མང་དཀོན་མཆོག་རྒྱལ་མཚན་བཅས་ལས་གསན་ཅིང་། ལྟ་བའི་སྐོར་ལ་དགོངས་པ་ཟབ་མོ་འཁྲུངས་ཤིང་རྩ་ཤེར་ཞལ་འདོན་རྒྱུན་འཁྱོངས་མཛད། དགུང་ལོ་ཉེར་དྲུག་པར་མཛོད་ཀྱི་འཛིན་གྲྭར་ཞུགས། མངོན་པ་མཛོད་རྩ་འགྲེལ་རྒྱ་བོད་ལ་གྲགས་པ་མཐའ་དག་གཟིགས་པར་མ་ཚད། རྗེ་འཇམ་དབྱངས་བཞད་པའི་ཕྱག་ཕྱིར་སྐུ་འབུམ་དུ་བྱོན་སྐབས། ཡིག་ཚོགས་དབུས་སུ་མོན་གྲྭ་པ་ཚུལ་ཁྲིམས་བཀྲ་ཤིས་ཀྱིས་མཛད་པའི་མཛོད་འགྲེལ་མཇལ་བར་བརྟེན། ཡང་ཡང་དཔྱད་ཅིང་འདྲིས་པར་མཛད། མཛོད་ཀྱི་དཀའ་གནད་མང་པོའི་དོགས་མདུད་གྲོལ། དགུང་ལོ་ཉེར་བརྒྱད་པ་ལྕགས་སྟག་ལོའི་ཟླ་བ་བཞི་པའི་ཚེས་བརྒྱད་ལ། འཇམ་དབྱངས་བཞད་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོས་མཁན་པོ་དང་། ལྷ་རམས་པ་བློ་བཟང་ཆོས་འཛིན་གྱི་གསང་སྟོན། ཀླུ་ཤོད་པ་བློ་བཟང་དཀོན་མཆོག་སོགས་ཀྱིས་ལས་སློབ་བཅས་མཛད་དེ་བསྙེན་རྫོགས་ཀྱི་སྡོམ་པ་བླངས། མཁན་པོས་ཁོང་ལ་མཚན་ཤེར་རབ་རྒྱ་མཚོ་ཞེས་གནང་། དེ་ནས་འདུལ་བ་ལུང་སྡེ་བཞི་དང་མདོ་རྩ་སོགས་འདུལ་བའི་སྐོར་གྱི་གཞུང་ལུགས་རྣམས་ལ་གསན་སྦྱོང་མཛད། གཞན་ཡང་གསང་སྔགས་རྒྱུད་སྡེ་བཞིའི་གཞུང་རྣམས་དང་། རིག་གནས་ཐུན་མོང་བ་སྒྲ་དང་སྙན་དངགས་རྩིས་བཅས་གུང་ཐང་བསྟན་སྒྲོན་དང་རྒྱལ་མཁན་ཆེན་སོགས་ལས་གསན། བཟོའི་སྐོར་རྣམས་ཨ་མཆོག་སྤྲུལ་སྐུ་འཇམ་དཔལ་སྤྲིན་རྒྱ་མཚོ་དང་། གཅུ་འཁོར་སྔགས་རམས་པ་བཅས་ལས་གསན། མདོར་ན་རིག་པའི་གནས་ཆེ་ཆུང་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད་པས་ཤེས་བྱ་གང་ལའང་ཐོགས་པ་མེད་པར་གྱུར། ཆོས་གྲྭར་བཞུགས་དུས་འཚོ་བ་ངན་ངོན་ལ་བརྟེན་ནས་བརྩོན་འགྲུས་ཤུགས་དྲག་མཛད་པས། དཔལ་མང་དཀོན་མཆོག་རྒྱལ་མཚན་ནས“ཁྱོན་ཀྱིས་ཟས་ནོར་ཧ་ཅང་བློས་བཏང་དྲག་འདུག”ཅེས་བཀྱོན་པར་མཛད། བླ་བྲང་དགོན་པའི་བླ་སློབ་རྣམས་ཀྱི་རེ་སྐུལ་དང་། སྡེ་ཁྲི་རིན་པོ་ཆེའི་དགོངས་པ་ལྟར་དུས་འཁོར་གྲྭ་ཚད་དུ་རྣམ་སྣང་མངོན་བྱང་གི་སྒྲུབ་མཆོད་ཆ་ལག་དང་བཅས་པ་གསར་དུ་བཙུགས། མདོ་སྔགས་ཀྱི་གཞུང་མང་འཆད་ཅིང་། འདོན་རྟ་དབྱངས་ཐིག་རྡུལ་ཚོན་ཚུན་ཆད་ཞིབ་པར་བསླབས་ཏེ་བསྟན་པ་སྤེལ་བའི་བྱ་བ་རྒྱ་ཆེར་བསྒྲུབས། དད་ལྡན་སློབ་མ་རྣམས་ཀྱིས་ཕུལ་བའི་བཀོར་ནོར་ཡོད་ཚད་དགེ་འདུན་པར་མང་འགྱེད་དང་། འདུ་ཁང་གི་རྟེན་གཙོ་ཞལ་ཐང་རྣམས་ཀྱི་མཐའ་གཤམས་དང་ཞལ་ཁེབས། འདུ་ཁང་བཞིའི་ནང་དུ་རྗེ་བློ་བཟང་གྲགས་པའི་སྐུ་རེ་བཞེངས། ཚོགས་ཆེན་འདུ་ཁང་དུ་ཇོ་བོའི་སྐུ། ཕྱག་དཔེ་དང་ཟིན་ཤོག་ལྷག་མ་རྣམས་ཀྱང་བསོད་གྲགས་རིན་པོ་ཆེར་ཕུལ་ཞིང་། སྒྱུ་མའི་དངོས་པོར་ཞེན་ཆགས་གཏན་ནས་བྲལ། སྐུ་འདའ་ལ་ཉེ་བ་ན། འཇམ་དབྱངས་བཞད་པས་དབུས་གཙང་ལ་གཏོང་སྒོ་མཛད་རྒྱུའི་ཞབས་འདེབས་སུ་དངུལ་སྲང་ཆིག་སྟོང་ཕུལ། 
          ཁོང་ལ་ཟབ་ཆོས་གསན་པའི་ཞལ་སློབ། འཇམ་བཞད་སྐུ་ཐོག་གསུམ་པས་གཙོས། བླ་སྤྲུལ་མང་པོ་དང་། མཁན་སློབ་དགེ་འདུན་བླ་བྲང་བཀྲ་ཤིས་འཁྱིལ་ན་ཡོད་པ་དང་། དབུས་གཙང་ཁམས་ཧོར་བཅས་ནས་བྱོན་པ་དཔག་ཏུ་མེད་ཅིང་མཁས་གྲགས་ཀུན་ཏུ་ཁྱབ་པར་གྱུར། ཁོང་ནི་དབུས་གཙང་སོགས་གྲྭ་ས་གཞན་དུ་ཕེབས་མ་མྱོངས་ཀྱང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱིས་སྐུ་ཚེ་འདའ་བར་མཛད་ཅིང་། རིག་པར་བྱ་བའི་གནས་ཀུན་ལ་མཁས་པས་སློབ་མ་བླ་སྤྲུལ་མཁས་པ་མང་པོ་སྤེལ། 
          གསུང་རབ་ཀྱང་ཤིན་ཏུ་མང་པོ་བརྩམས་ཏེ་བོད་ཀྱི་རིག་གནས་མི་ཉམས་གོང་འཕེལ་དུ་འགྲོ་བ་ལ་བྱས་རྗེས་བསུབ་ཏུ་མེད་པ་བཞག་ཡོད། རྣམ་ཐར་དངོས་མ་མཇལ་བས་ནམ་སྐུ་གཤེགས་པ་ནི་ཞུ་ཐབས་བྲལ་ལོ། །ཁོང་གི་གསུང་ནི་པོད་ཉི་ཤུ་ཙམ་ཡོད་སྐད་ཀྱང་། མངོན་སུམ་པར་དུ་འཁོད་པ་པོ་ཏི་བདུན་ཡོད་ཅིང་། དེ་དག་ནི་བརྗེད་བྱང་ཟིན་བྲིས་སྣ་ཚོགས། རྟོག་བརྗོད། སྐུ་བརྙན་གྱི་ལོ་རྒྱུས། ཚོགས་གཏམ། བསླབ་བྱའི་སྐོར་བཅས་སོ། ། ༼མི་ཉག་མགོན་པོ་ནས་༽
      

    ཕྱོགས་བསྡུས་གསར་འགྱུར།