འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལྟའི་སྐྱེས་བུ་བརྗེད་ན་ཅི་ལ་འོས།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་08ཉིན། 08:33】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          འདི་ལྟའི་སྐྱེས་བུ་བརྗེད་ན་ཅི་ལ་འོས།                         
          དགེ་བཤེས་རིན་པོ་ཆེ་ཤེས་རབ་རྒྱ་མཚོ་མཆོག་སྐུ་བལྟམས་ནས་ལོ་འཁོར130ལོན་པར་བྲིས།
          ཕྱིར་དྲན་གྱི་ནུས་པ་ལྡན་པ་ནི་འགྲོ་བ་མིའི་རིགས་ལ་བདོག་པའི་ཐུན་མིན་གྱི་ཁྱད་ ནུས་ཤིག་སྟེ། ཁ་སང་ཕྱིན་པའི་དགའ་སྐྱོ་གང་བྱུང་གི་འདས་དོན་ཐམས་ཅད་འབྱུང་འགྱུར་གསལ་བྱེད་ཀྱི་མེ་ལོང་དུ་བསྣམས་ཆོག་ལ། འདས་པའི་ལོ་རྒྱུས་ཀྱི་ཁྲོད་ནས་བྱོན་པའི་རླབས་ཆེན་གྱི་མི་སྣའི་མི་ཚེའི་གཟི་བྱིན་རང་རྒྱུད་ལ་བསྲེལ་ཆོག་པས། ཕྱིར་དྲན་གྱིས་མདུན་དུ་བསྐྱོད་ན་ལམ་མི་ནོར་ཞིང་འཚོ་ན་དོན་ཡོད་པ་ཞིག་ཏུ་འགྱུར་བར་མི་སྒེར་དང་ཚོགས་པ་གང་ལའང་གཅིག་ཏུ་ཕན་པར་སེམས། གལ་སྲིད་དེ་ལས་ལྡོག་ན་ནི་སྤྱི་སྒེར་གང་ཡིན་ཡང་དེ་མཐུན་གྱིས་སྐྱོན་འབབ་པར་ངེས་པས་ཕྱིར་དྲན་ནི་དེ་འདྲའི་དོན་སྙིང་ལྡན་པའི་ལས་ཤིག་ཏུ་མཐོང་ཨང་། དེར་བརྟེན་སྐབས་འདིར་དགེ་བཤེས་ཤེས་རབ་རྒྱ་མཚོ་དྲན་པའི་མཚན་གཞི་འདི་ནི་རང་ཅག་ཐམས་ཅད་ལ་མཚོན་ན་ཕྱིར་དྲན་གྱི་དགེ་མཚན་ངོ་སྤྲད་པར་བྱེད་པའི་ལོ་རྒྱུས་ཀྱི་འོས་འགན་གཡོལ་མེད་ཞིག་ཏུ་སེམས་སོ༎ 
          དེ་ཡང་ཁོང་དགེ་བཤེས་རིན་པོ་ཆེ་ཤེས་རབ་རྒྱ་མཚོ་ནི་དུས་རབས་བཅུ་དགུའི་དུས་ སྨད་ནས་དུས་རབས་ཉི་ཤུའི་སྟོད་སྨད་ཀྱི་ཆར་མདོ་སྨད་དུ་བྱོན་མྱོང་བའི་ཀུན་ལ་ཡོངས་སུ་ གྲགས་པའི་བོད་ཀྱི་མཁས་ཆེན་ཟླ་མེད་པ་ཞིག་སྟེ། ཁོང་སོ་ནམ་པ་ཕལ་བའི་ཁྱིམ་དུ་སྐུ་འཁྲུངས་ཤིང་དགའ་ལྡན་གསེར་ཁྲི་ལ་སོགས་པའི་བླ་མ་སྤྲུལ་སྐུར་ངོས་འཛིན་བྱེད་པ་མིན་པར་ཆུང་དུས་ནས་འཁྲུངས་ཡུལ་མདོ་སྨད་ཀྱི་རྡོ་སྦིས་གྲྭ་ཚང་དུ་བསྟན་སྒོར་ཞུགས་པ་དང་། རིམ་གྱིས་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་དང་དབུས་ཡུལ་འབྲས་སྤུངས་སྒོ་མང་གྲྭ་ཚང་བཅས་ནས་མུ་མཐུད་དེ་ཆ་ལག་ཚང་བའི་གཞུང་དཔྱིས་ཕྱིན་པ་སྦྱངས་པར་མཚན་ཉིད་ལྡན་པའི་དགེ་བའི་བཤེས་གཉེན་བཅུ་ཕྲག་གསུམ་ཙམ་ལྷག་བརྒལ་བ་བསྟེན་ཏེ་གཞུང་ཆེན་པོད་ལྔ་ལ་གཞན་དྲིང་འཇོག་མི་དགོས་པའི་རིག་རྩལ་གྱི་མངའ་རྙེད་ཅིང་། ལྷ་རམས་པའི་དགེ་བཤེས་ཀྱི་མཚན་བཏགས་མ་བཞེས་པའི་སྔོན་དུ་ནོར་བུ་གླིང་གར་གོང་ས་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོའི་མཚན་ཞབས་པ་རྣམ་པས་ཞིབ་གཟིགས་ནན་ཏུར་གྱི་རྩོད་རྒྱུགས་ཁྲོད་གོང་ས་མཆོག་ཆེད་ཕེབས་ཀྱིས་རྩོད་རྒྱུགས་གནང་བར་ཁོང་ལ་ཨང་དང་བོའི་གཟི་བརྗིད་མཚན་སྙན་ལེགས་པར་ཐོབ་པ་དང་། རྩེ་པོ་ཏཱ་ལའི་གཟིམས་ཆུང་ཆེན་མོར་ལོ་སར་ཚེས་གཉིས་ཉིན་དམིགས་གསལ་གྱིས་ཚོགས་ལངས་མཛད་པ་ཡང་ཡིན་ལ། དེ་མིན་ལོ་དེའི་ཆོ་འཕྲུལ་ཟླ་བའི་ལྷ་སའི་སྨོན་ལམ་ཆེན་མོའི་སྟེང་ཡང་བསྐྱར་གཞུང་པོད་ལྔའི་དཀའ་གནད་སྐོར་ལ་དམ་བཅའ་བཞུགས་རིང་དུ་སེ་འབྲས་དགེ་གསུམ་གྱི་དགེ་བའི་བཤེས་གཉེན་དྲག་དྲས་གང་བཞུགས་ཀྱིས་དྲི་བ་གང་བཏོན་པ་ལ་གསུང་ལན་ཐོགས་པ་མེད་པར་གནང་བས། ལོ་རེར་ལྷ་རམས་པའི་མཚན་བཏགས་ཞུ་མི་དགེ་བའི་བཤེས་གཉེན་ལྷན་རྒྱས་བཅུ་དྲུག་ཡོད་པར་ཁོང་ལ་ལྷ་རམས་པའི་མཚན་སྙན་ཨང་དང་པོ་ཐོབ་ཅིང་དེར་ཡོད་རིས་མེད་སེར་སྐྱ་ཀུན་གྱིས་ཀླུ་འབུམ་དགེ་བཤེས་ཤེས་རབ་རྒྱ་མཚོའོ་ཞེས་ཁོང་གི་མཚན་སྙན་གངས་རི་ར་བའི་ཁོངས་ལས་བརྒལ་བ་བྱུང་། རིམ་བཞིན་ཁོང་གིས་གོང་ས་རྒྱལ་བའི་དབང་པོ་བཅུ་གསུམ་པ་ཆེན་པོས་བཀའ་བཞིན་བཞུགས་སྒར་ནོར་བུ་གླིང་ག་རུ་མི་ལོ་བཅོ་ལྔ་ཙམ་གྱི་ཡུན་ལ་བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་འབུམ་དང་། རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་པར་གཞི་གསར་བཞེངས་ཞུ་དག་གི་སྲི་ཞུ་ལེགས་པར་བསྒྲུབས་ཤིང་། དེ་དང་ཆབས་ཅིག་ཏུ་ཁོང་གི་མཁྱེན་བརྩེའི་ཐུགས་བཅུད་ཀྱིས་བསྐྱངས་པའི་སློབ་བུ་ནི་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་རིས་སུ་མེད་པར་ཁྱབ་པ་དང་བཅས་མཁས་བཙུན་བཟང་གསུམ་གྱི་སྙན་གྲགས་ཀྱང་ས་གསུམ་ཀུན་ཏུ་ཁྱབ་པ་བྱུང་ངོ་།།
          གོང་ས་རྒྱལ་བའི་དབང་བོ་བཅུ་གསུམ་པ་ཆེན་པོ་སྐུ་གཤེགས་ནས་རིང་པོ་མ་ལོན་པར་རྒྱ་ནག་རྒྱལ་འབངས་སྲིད་གཞུང་གིས་ཁོང་ཡང་ཡང་གདན་ཞུ་གནང་བ་བཞིན་སྤྱི་ལོ1937ལོའི་དབྱར་གྱི་མཚམས་སུ་རྒྱ་ནག་ཡུལ་དུ་ཆིབས་བསྒྱུར་གནང་སྟེ། རྒྱ་མི་ས་ཡ་མང་པོ་དམག་འཁྲུག་གི་སྡུག་བསྔལ་ལས་བསྐྱབས་ཤིང་། འཇར་འགོག་དམག་འཁྲུག་གིས་ས་ཆེན་པོ་ཁེབས་པའི་དུས་ཀྱི་ཚེའང་ཤཱཀྱའི་དགེ་འདུན་པ་དག་སྤྱོད་པ་འཚེ་མེད་ཆོས་ཀྱི་དབྱིངས་སུ་འབྱམས་པའི་ཐབས་མཁས་ཀྱི་མཛད་པ་གནང་བ་སོགས་བསྟན་འགྲོར་སྨན་པའི་རྣམ་དཀར་གྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྒྲུབས། ཡུལ་མདོ་སྨད་དུ་སྤྱི་ཚོགས་གསར་བ་དབུ་ཚུགས་མ་ཐག་ནས་སྲིད་ཀྱི་ཁ་ལོ་དྲག་པོས་དཔུང་གི་སྟོབས་ཀྱིས་སྒྱུར་བའི་སྲིད་འཛིན་གཙོ་བོ་རྣམས་ཀྱི་དགོངས་དོན་ལྟར་ཁོང་གིས་བསྟན་སྲིད་ཀྱི་ཁུར་ཆེན་གང་མང་བཞེས་ཏེ། དུས་བབས་དང་འགྲོས་མཉམ་པར་བོད་ཀྱི་སྲིད་འབྱོར་རིག་གསུམ་གང་རུང་ལ་ཕྱག་རྗེས་བསུབ་ཏུ་མེད་པ་འཇོག་གནང་མཛད་ལ། སྤྱི་ཚོགས་གསར་བ་ཚུགས་ནས་ལོ་གྲངས་བཅུ་ཙམ་ཟིན་པའི་ཚེ་སྤྱི་ཚོགས་འཕེལ་རྒྱས་གྱི་གེགས་སུ་གྱུར་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་མི་འདོད་བཞིན་ལག་བསྟར་གྱི་ཁྲོད་འབྲས་བུ་ངན་པ་མིག་མཐོང་ལག་ཟིན་དུ་གྱུར་དང་འགྱུར་བཞིན་ཡོད་ནའང་། ཁོང་གི་ཞལ་ནས། བསྟན་པའི་སྲོག་གི་འཕྲང་འགག་ཏུ་ཆེར་རློམ་ཕལ་གྱི་ལྕེ་དབང་བེམ་པོའི་བརྟུལ་ཞུགས་འཛིན་སྐབས་སྨྲ་སེང་གདོང་ལྔའི་གད་རྒྱངས་ངེད་ཀྱིས་བསྒྲགས་ཚུལ་རྒྱལ་བའི་སྤྱན་སྔར་དངོམ་ཆོག་མཐའ་ཡས་པ་ཡོད། ཅེས་ཞལ་གྱིས་བཞེས་པ་ལྟར་མཁས་འབངས་ཀུན་གྱིས་སྨྲ་བརྗོད་ཀྱི་སྤོབས་པ་བག་ལ་ཞ་མོད་ཁོང་ཉིད་གཅིག་པུས་ལྷག་བསམ་གྱི་རྔ་སྒྲ་འཇགས་མེད་དུ་བསྒྲགས་པས། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དེ་ཡང་གློག་བརྙན་བསྟན་པ་བཞིན་སྐབས་ཐོག་དེའི་མི་མང་པོ་ཞིག་གི་མངོན་སུམ་དབང་བོའི་སྤྱོད་ཡུལ་དུ་ཤར་ཞིང་། ཤ་ཁྲག་གདོས་བཅས་ཀྱིས་གྲུབ་པའི་སེམས་དཔའ་ཆེན་པོའི་རང་གཟུགས་ཀུན་གྱིས་མངོན་གསལ་དུ་མཇལ་ཐུབ་པ་བྱུང་བས་རིས་མེས་སྐྱེ་བོ་ཆེ་རྒུ་མང་པོས་གདེང་འཇོག་ཚད་མཐོ་གནང་མོད། རིག་གནས་གསར་བརྗེ་ལྟ་བུའི་འཐུས་ཤོར་གྱི་ཇུས་ངན་མ་རིག་པའི་ཉོན་མོངས་ཀྱི་དབང་ཤུགས་མཐུ་ཇེ་བཙན་དུ་ཕྱིན་པས་ཁོང་ལ་ཉེས་མེད་བསྙོན་འདིང་གི་འོ་བརྒྱལ་ཡ་ང་བ་གཅིག་མིན་གཉིས་མིན་དུ་གཏད་པ་དང་། དགུང་ལོ་མཐོན་པོར་གཤེགས་ཡོད་པ་ལ་འོས་སུ་མཁོ་བའི་སྐུ་གཡོག་ཞབས་ཞུ་ཙམ་ཡང་མ་རེག་པའི་རྐྱེན་ངན་སྣ་ཚོགས་ཀྱི་མནར་གཅོད་འོག་མདོ་སྨད་ཟི་ལིང་ནས་སྐུ་ཡི་འཕེན་པ་རྫོགས་པ་ཡིན་ཏེ། འདི་ནི་བདེན་པ་སྙིང་ལ་བཅངས་པའི་ང་ཚོ་རིས་མེད་ཀྱི་སྐྱེ་བོ་ཀུན་ལ་ཡིད་གདུངས་པའི་མྱ་ངན་དང་། ཕངས་སེམས་དཔེས་མི་སྲིད་པ་མི་བྱུང་མི་སྲིད་སྟེ། འཇིག་རྟེན་རེ་ཞིག་སྣང་བ་བྲལ་བའི་མུན་དོང་ལྟ་བུར་གྱུར་མོད། མུན་པའི་རྗེས་སུ་ཐོ་རེངས་ཤར་བའི་དཔེ་ལྟར་ཕྱིས་སོར་སྲིད་ཇུས་བཟང་པོའི་གོ་སྐབས་ཤར་པའི་ཁྲོད་ཁོང་གི་མཚན་སྙན་སླར་གསོའི་དཀར་འདོན་དང་འོས་མཐུན་གྱི་རྗེས་དྲན་གནང་། ལྷག་པར་དུ་སྤྱི་ལོ1987ལོར་དཔལ་པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་ཁོང་གི་འཁྲུངས་གཞིས་ཀྱི་རྡོ་སྦིས་གྲྭ་ཚང་དུ་དགེ་བཤེས་རིན་པོ་ཆེ་ཁོང་གི་མཛད་བཟང་རྗེས་དྲན་ཁང་སྒོ་འབྱེད་རབ་གནས་ཀྱི་མཛད་སྒོར་ཕྱག་ཕེབས་ཀྱི་ཚེ། ཐམས་ཅད་མཁྱེན་པ་ཁོང་གིས་ཐུགས་སྲས་ལྷ་རམས་པ་སྐལ་བཟང་རྒྱ་མཚོར་ཆེད་དམིགས་ཀྱིས་དགེ་བཤེས་བཤེས་རིན་པོ་ཆེའི་རླབས་ཆེན་མཛད་འཕྲིན་ལ་ཡི་ག་འཇོ་བའི་གསུང་གིས་གདེང་འཇོག་ཚད་མཐོན་པོར་གནང་བ་དང་། སེམས་མེད་མིག་ཀྱང་མཆི་མའི་བརླན་པའི་ཁོང་དགེ་བཤེས་རིན་པོ་ཆེའི་མཛད་བཟང་ཡུན་ནས་ཡུན་དུ་དྲན་འོས་པའི་གསུང་གི་བཀའ་དྲིན་སྩལ་ཞིང་། གསར་དུ་ལེགས་བཞེངས་གྲུབ་པའི་དགེ་བའི་བཤེས་གཉེན་ཁོང་གི་རྗེས་དྲན་ལྷ་ཁང་ལ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་མཆོག་གི་མཛད་བཟང་རྗེས་དྲན་ཁང་ཞེས་པའི་ཕྱག་བྲིས་བསྟར་མའི་མཚན་བྱང་ཡང་གནང་བ་དང་། དེ་མིན་དཔལ་པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་དང་ཆབས་ཅིག་ཏུ་གནས་འདིར་ཕྱག་ཕེབས་གནང་བའི་འཇམ་དབྱངས་བླ་མ་ཁྲི་ཆེན་གུང་ཐང་བསྟན་པའི་དབང་ཕྱུག་རིན་པོ་ཆེས་དགེ་བཤེས་རིན་པོ་ཆེ་ཁོང་གི་སྐུ་ཚེ་ཧྲིལ་བོའི་མཛད་རྣམ་ལ་རྗེས་དྲན་གྱི་སྙན་ངག་ཤོ་ལོ་ཀ། རླབས་ཆེན་ཤེས་རབ་རྩལ་རྫོགས་ཤིང་༎ འཆད་རྩོད་རྩོམ་པའི་གཤོག་རླབས་ཀྱིས༎ མདོ་སྔགས་རྒྱ་མཚོའི་མཁའ་དབྱིངས་སུ༎ འཛམ་གླིང་མཛེས་པའི་རྒྱན་དུ་གྲུབ༎ ཅེས་ཟག་མེད་ཐུགས་ཀྱི་རེ་ཁཱའི་ཕྱག་བྲིས་བསྟར་མ་ཤར་མར་བརྗེད་ཐོའི་རིས་སུ་ཕབ་བ་དང་། དེ་བཞིན་དུ་དེ་སྔའི་ཁོང་གི་འདྲིས་ལམ་ཟབ་པའི་མི་སྣ་གང་མང་དང་། དགོན་སྡེ་དང་ཡུལ་གྲུ་ཁག་གི་གསར་སྐྱེས་རྗེས་རབས་པའི་ཁྲོད་དུའང་དགེ་བཤེས་རིན་པོ་ཆེའི་མཛད་རྣམ་ངོ་མཚར་བ་གང་མང་རྗོད་བྱེད་འདྲ་མིན་གྱི་ལམ་ནས་སྤེལ་ཞིང་། རིག་གཞུང་སྐོར་གྱི་ཞིབ་འཇུག་ཆེད་རྩོམ་ཅི་རིགས་དང་རྟོགས་བརྗོད་ལྗགས་རྩོམ་ལུ་གུ་རྒྱུད་དུ་ཟམ་མ་ཆད་པར་བྱུང་དང་འབྱུང་བ་འདིས་ནི། ད་ལྟའང་རང་ཅག་ཐམས་ཅད་མདུན་དུ་བསྐྱོད་པས་ལམ་མ་ནོར་བ་དང་ཇི་སྲིད་སྲོག་གི་མར་མེ་མ་ནོངས་དེ་སྲིད་དུ་མི་ཚེ་དོན་ལྡན་དུ་གྱུར་དང་འགྱུར་པའི་བདག་རྐྱེན་དེ་རང་ཡིན་པར་འདོད། 
          ཁྱད་པར་དུ་ད་ལོ་ནི་དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་ཁོང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་སུམ་ཅུ་ལོན་པའི་དུས་སུ་འཁེལ་བར། དམ་པ་ཁོང་གི་ངོ་མཚར་རྨད་དུ་བྱུང་བའི་མཛད་པ་བཟང་པོར་གཟུར་གནས་ཕྱོགས་རིས་སུ་མ་སོང་བའི་ཀུན་སློང་རྣམ་དག་གིས་ཕྱིར་དྲན་དང་། ལེགས་མཛད་བརྒྱུད་འཛིན་དང་། ལུགས་མཐུན་གྱིས་ཁྱབ་སྤེལ་དང་བརྒྱུད་བསྒྲགས་ཀྱི་འོས་སུ་བབས་པ་མི་ཚེའི་ལམ་ཆེན་སྟེང་གི་དོན་ལྡན་གྱི་ལས་ཞིག་ཏུ་བསམས་ན་ཅི་ལ་མི་མཛེས་ཞེས་རིགས་གཅིག་སྤུན་ཟླ་ཡོངས་ལ་དོན་གྱི་སྙིང་བོའི་གྲོས་སུ་བཏབ་པའོ།།
      

    ཕྱོགས་བསྡུས་གསར་འགྱུར།