འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ས་མཚམས་ནང་དུ་འཛུལ་ཆོག་དང་མི་ཆོག་པ་ནི་ཀྲུང་གོའི་བདག་དབང་ཡིན་
    ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་04ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12པའི་ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཚེས་1ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དབྱིན་ཇིའི་གྲོས་ཚོགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་བརྟག་དཔྱད་ཚོགས་པ་ཤང་ཀང་གི་ས་མཚམས་ནང་མི་གཏོང་བའི་གནད་དོན་ལ་དམིགས་ཏེ་སུ་ཞིག་ས་མཚམས་ནང་འཛུལ་ཆོག་པ་དང་སུ་ཞིག་ས་མཚམས་ནང་འཛུལ་མི་ཆོག་པ་ནི་ཀྲུང་གོའི་བདག་དབང་རེད་ཅེས་བསྟན་པ་རེད།
          དབྱིན་ཇིའི་གྲོས་ཚོགས་གྲོས་ཁང་འོག་མའི་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨའོ་ཐ་ཝུའེ་ཡིས་ཉེ་ཆར་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་བརྟག་དཔྱད་ཚོགས་པ་ཤང་ཀང་ས་མཚམས་ནང་འཛུལ་མི་ཆོག་པའི་སྐོར་ཀྲུང་གོ་ཕྱོགས་ཀྱིས་ཁོང་ལ་བརྡ་ཐོ་བཏང་བྱུང་ཞེས་བཤད་པ་དང་ཨའོ་ཐ་ཝུའེ་ཡིས་ཀྲུང་གོ་ཕྱོགས་ཀྱི་བྱེད་སྟངས་ནི“མངོན་སུམ་འཛེམ་མེད་ངང་ཁ་གཏད་དུ་ལངས་པ་ཞིག་རེད”ཅེས་བཤད་པ་རེད།
          ཧྭ་ཁྲུན་ཡིང་གིས་ཤང་ཀང་ནི་ཀྲུང་གོའི་དམིགས་བསལ་སྲིད་འཛིན་ཁུལ་ཞིག་ཡིན་པ་དང་ཤང་ཀང་གི་ལས་དོན་ནི་རྦད་དེ་ཀྲུང་གོའི་ནང་སྲིད་རེད། ཕྱི་རྒྱལ་གྱི་སྲིད་གཞུང་དང་སྒྲིག་གཞིའམ་ཡང་ན་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཤང་ཀང་གི་བྱ་བར་ཐེ་ཇུས་བྱ་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་ཀྲུང་གོ་ཕྱོགས་ཀྱིས་ཐེངས་མང་བཤད་ཡོད། དབྱིན་ཇིའི་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་པ་ཤང་ཀང་དུ“བརྟག་དཔྱད”ཟེར་བ་མངགས་གཏོང་བྱ་རྒྱུའི་སྐོར་ལ་ཀྲུང་གུང་ཀྲུང་དབྱང་སྲིད་གཞུང་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྔ་ས་ནས་དབྱིན་ཇིའི་ཕྱོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་ལངས་ཕྱོགས་གསལ་པོར་བསྟན་པ་དང་ཤང་ཀང་དུ་སྐྱོད་པའི་འཆར་གཞི་མེད་པ་བཟོ་རྒྱུའི་བླང་བྱ་བཏོན་ཡོད། “གལ་སྲིད་དབྱིན་ཇི་ཕྱོགས་ཀྱི་གྲོས་མི་རེ་ཟུང་གིས་ཨ་ན་ཨུ་ཚུགས་བྱས་ཚེ་དེ་ནི་དངོས་འབྲེལ་མངོན་སུམ་འཛེམས་མེད་ངང་ཁ་གཏད་དུ་ལངས་པ་ཞིག་ཡིན་པས་ཀྲུང་དབྱིན་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་མེད”ཅེས་བརྗོད་པ་རེད།
          དབྱིན་ཇིའི་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་བརྟག་དཔྱད་ཚོགས་པ་ཤང་ཀང་གི་ས་མཚམས་ནང་ཀྲུང་གོས་མི་གཏོང་བའི་བྱ་ཐབས་ཀྱི་གཞི་འཛིན་ས་དེ་བཅའ་ཁྲིམས་ཀྱི་གཏན་འབེབས་གང་ཞིག་ཡོད་དམ་ཞེས་གསར་འགོད་པས་དྲིས་པ་རེད།
          ཧྭ་ཁྲུན་ཡིང་གིས་ཤང་ཀང་ནི་ཀྲུང་གོའི་དམིགས་བསལ་སྲིད་འཛིན་ཁུལ་ཞིག་ཡིན་པ་དང་ཀྲུང་དབྱང་སྲིད་གཞུང་གིས་ཤང་ཀང་དང་འབྲེལ་བ་ཡོད་པའི་ཕྱི་འབྲེལ་ལས་དོན་གྱི་འགན་ཁུར་གྱི་ཡོད། ཀྲུང་གོ་ཀྲུང་དབྱང་སྲིད་གཞུང་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་འབྲེལ་ཡོད་གནད་དོན་ཁྲིམས་ལྟར་ཐག་གཅོད་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད། ཁོང་གིས“སུ་ཞིག་ས་མཚམས་ནང་འཛུལ་ཆོག་པ་དང་སུ་ཞིག་ས་མཚམས་ནང་འཛུལ་མི་ཆོག་པ་ནི་ཀྲུང་གོའི་བདག་དབང་རེད”ཅེས་གསུངས་པ་རེད། ད་རེས་དབྱིན་ཇིའི་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་བརྟག་དཔྱད་ཚོགས་པ་ཨ་ན་ཨུ་ཚུགས་ཀྱིས་ཤང་ཀང་དུ“བརྟག་དཔྱད”བྱེད་པར་སྐྱོད་ཚེ་ཀྲུང་དབྱིན་འབྲེལ་བར་གནོད་འཚེ་ཕོག་པའམ་ཡང་ན་ཕོག་སྲིད་དམ་ཞེས་གསར་འགོད་པ་གཞན་ཞིག་གིས་དྲིས་པ་རེད།
          ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཞན་དག་དང་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཀྱི་ལངས་ཕྱོགས་ནི་སྔ་ཕྱི་བར་གསུམ་དུ་གསལ་པོ་རེད། ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་བཅས་ཀྱི་རྨང་གཞིའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཚུད་པའི་རྒྱལ་ཁབ་གཞན་དག་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་འདོད་ཡོད། འོན་ཏེ་རྒྱལ་ཁབ་སུ་ཞིག་གིས་བྱ་ཐབས་གང་རུང་ཐོག་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་དབྱིན་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མཐོང་ཆེན་བྱས་ནས་དབྱིན་ཇི་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་བཅས་ཀྱི་རྩ་དོན་ལ་གཞིགས་ནས་ཀྲུང་དབྱིན་འབྲེལ་བ་མུ་མཐུད་འཕེལ་རྒྱས་གཏོང་འདོད་ཡོད་པ་དེ་ནི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་འཚམས་ཡོད་ཅེས་གསུངས་པ་རེད།
         ཧྭ་ཁྲུན་ཡིང་གིས“ཀྲུང་དབྱིན་འབྲེལ་བར་ལྷག་བསམ་རྣམ་དག་ངང་སྐུལ་མ་གཏོང་བའི་སེམས་རྩ་འཁོལ་བའི་མཛའ་གྲོགས་མི་སྣ་དེ་ཚོར་ཀྲུང་གོའི་སྒོ་མོ་ནམ་ཡང་ཕྱེ་ཡོད། འོན་ཏེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཁན་སུ་ཞིག་ཡིན་རུང་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་དང་གཏན་ནས་བྱེད་དུའང་འཇུག་གི་མིན”ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།