༄༅།།པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱིས་ཉེ་འདབས་ཀྱི་གྲོང་ཁྱེར་དང་མཉམ་འབྲེལ་ཐོག་
འཕྲུལ་སྒུལ་འཁོར་རིགས་ཀྱི་སྦགས་བཙོག་བཅོས་སྒྲིག་བྱེད་པ།
རྒྱལ་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་ལྟ་སྐུལ་དོ་དམ་གྱི་མཐུན་སྦྱོར་ལམ་སྲོལ་ཐོག་མ་དེ་བཙུགས་པ།
གསར་འགྱུར་སྤེལ་དུས། 【2014ལོའི་ཟླ་ 12ཚེས་04ཉིན། 09:58】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། ཡུལ་དེ་གའི་འཁོར་རིགས་ཡུལ་གཞན་དུ་སྐྱོད་སྐབས་སྦགས་བཙོག་ཕྱིར་འབུད་ཚད་ལས་བརྒལ་བ་ཤེས་རྟོགས་ཐུབ་པར་ཉེས་ཆད་གཅོད་ཆོག་གམ། ཉེས་ཆད་ཇི་ལྟར་གཅོད་དགོས་སམ། པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧྲན་ཤིས། ཧྲན་ཏུང་། ནང་སོག་བཅས་ཀྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་སྦགས་བཙོག་ཕྱིར་འབུད་ཚོད་འཛིན་དང་མཉམ་འགོག་མཉམ་སྡོམ་མཐུན་སྦྱོར་ཚོགས་འདུ་དེ་ཟླ་༡༢ཚེས་༢ཉིན་གྱི་སྔ་དྲོ་པེ་ཅིང་གྲོང་ཁྱེར་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧྲན་ཤིས། ཧྲན་ཏུང་། ནང་སོག་སོགས་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་དྲུག་པོས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཕྱིར་འབུད་ཚོད་འཛིན་ལས་དོན་མཐུན་སྦྱོར་ཚོགས་ཆུང་མཉམ་འབྲེལ་ཐོག་བཙུགས་ཏེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་ཉེ་འདབས་ས་ཁུལ་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་སྦགས་བཙོག་ཕྱིར་འབུད་པ་ལྟ་སྐུལ་དོ་དམ་སྟེགས་བུ་འཛུགས་རྒྱུ་ཡིན་པ་དེ་ནི་རྒྱལ་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་འཕྲུལ་སྒུལ་འཁོར་རིགས་ཀྱི་སྦགས་བཙོག་ཕྱིར་འབུད་ལ་ལྟ་སྐུལ་དོ་དམ་གྱི་མཐུན་སྦྱོར་ལམ་སྲོལ་ཐོག་མ་དེ་ཡིན་ཞིང་། ལྟ་སྐུལ་དོ་དམ་སྟེགས་བུ་བསྐྲུན་རྗེས་སྔ་སྣུར་དུ་རྒྱལ་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཕྱིར་འབུད་ཚད་བརྒལ་ཆད་གཅོད་དང་། འཕྲུལ་སྒུལ་འཁོར་རིགས་ཀྱི་ཕྱིར་འབུད་ལྟ་སྐུལ་དོ་དམ་གྲངས་གཞི་མཉམ་སྤྱོད། འཁོར་རིགས་གསར་པའི་ཁོར་ཡུག་སྲུང་སྐྱོང་གཅིག་གྱུར་རང་བཞིན་གྱི་ས་ཁོངས་མཉམ་འབྲེལ་འཐེན་བཤེར་བཅས་བྱ་རྒྱུ་རེད།
