འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་3ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་རིག་གཞུང་བགྲོ་གླེང་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་02ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ11པའི་ཚེས30ཉིན་གྱི་སྔ་མོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་དང་། རྔ་བ་ཁུལ་སྲིད་གྲོས་ཀྱིས་གཙོ་བདག་འོག ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སྡེ་ཁག་གི་རྒན་འབུམ་སྐྱབས་སོགས་ཀྱིས་གཙོ་གཉེར་མཛད་དེ། བོད་ཀྱི་བཅུ་ཕྲག་རིག་པའི་གནས་སྤྱི་ལ་མཁྱེན་རྒྱ་མཁའ་ལྟར་ཡངས་ཤིང་ཕྱག་རྗེས་མངོན་པར་མཐོ་བ་དང་། ལྷག་པར་བོད་ཀྱི་སྐད་ཡིག་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་དུས་ཀྱི་ཐོན་མི་གཉིས་པ་སློབ་དཔོན་དམུ་དགེ་བསམ་གཏན་རྒྱ་མཚོ་རིན་པོ་ཆེའི་སྐུའི་མཚན་དཔེའི་མེ་ཏོག་གདུལ་ཞིང་གངས་རིའི་ལྗོངས་སུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པའི་རིག་གཞུང་དཔྱད་གླེང་ཚོགས་འདུ་ཟབ་རྒྱས་ངང་དབུ་བརྩམས་ཤིང་། ཚོགས་འདུ་འདིར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་། བོད་ལྗོངས། མཚོ་སྔོན། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ཀྲུང་གོ་བོད་རིགས་པ་ཞིབ་འཇུག་ལྟེ་གནས་ཀྱི་མི་སྣ།གཞན་ཕྱི་གླིང་བའི་མཁས་ཆེན་དང་། དགོན་སྡེའི་བླ་སྤྲུལ་མཁས་པ། དགེ་རྒན་ཆེན་མོ། ལས་བྱེད་རྒན་པ། གཞན་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སྡེ་ཁག་གི་སློབ་མ་སོགས་ཚོགས་མི་བརྒྱ་ཕྲག་འགས་གྲུབ་ཡོད་ལ། ཐོག་དང་པོ་ཚོགས་ཞུགས་ཡོངས་ཀྱིས་མགྲིན་གཅིག་ཏུ་རྗེ་དམུ་དགེ་རིན་པོ་ཆེ་རྗེས་དྲན་སྨོན་ལམ་དང་། བོད་ཀྱི་མཁས་པ་གྲགས་ཆེན་ཁང་དཀར་ཚུལ་ཁྲིམས་དང་བསེ་ཚང་བློ་བཟང་དཔལ་ལྡན་སོགས་ཕྱོགས་སོ་སོའི་བླ་སྤྲུལ་མཁས་དབང་སྐྱེས་ཆེན་མང་པོས་དཔྱད་གླེང་འཚོགས་འདུ་ལ་ཕུལ་བའི་ཤིས་ཚིག་བསྒྲགས་གཏོང་སོགས་ཀྱིས་དབུ་བརྩམས། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་ཙིན་མིན་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་འཛུབ་སྟོན་དགེ་རྒན་དོར་ཞི་གདོང་དྲུག་སྙེམས་བློ། རྗེ་དམུ་དགེ་རིན་པོ་ཆེའི་དངོས་སློབ་མཁས་ཆེན་ཤེས་རབ་གྲགས་པ། རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྟག་ཚ་སྤྲུལ་སྐུ་སོགས་ཀྱིས་རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་མཛད་པ་འཕྲིན་ལས་ལ་ཆེ་བསྟོད་དང་ངོ་སྤྲོད་སོགས་གསུང་བཤད་ཅི་རིགས་མཛད།
          གཞན་རྒན་འབུམ་སྐྱབས་ཀྱིས་མདོ་འཛིན་པ་མཛད་དེ། ཀྲུང་གོ་མཐོ་རིམ་ནང་བསྟན་སློབ་གླིང་གི་ཧྭར་བ་འཇམ་དབྱངས་བློ་གྲོས་ཚང་དང་། རྔ་ཡུལ་སྒོ་མང་དགོན་གྱི་ཨ་ལགས་སྒང་བ་བསྟན་པའི་རྒྱལ་མཚན། བོད་རིག་པ་དཔེ་སྐྲུན་ཁང་གི་དབུ་ཁྲིད་རྒྱལ་མོ་འབྲུག་པ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་འཛུབ་སྟོན་དགེ་རྒན་ཁ་སྒང་བཀྲ་ཤིས་ཚེ་རིང་། བོད་ལྗོངས་གསོ་རིག་སློབ་གླིང་གི་སློབ་གཙོ་གཞོན་པ་ཡུམ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་ཞིབ་འཇུག་པ་ཆེན་མོ་གསང་བདག རྔ་བ་ཁུལ་རྩོམ་སྒྱུར་ཅུའུ་དབུ་ཁྲིད་སྐལ་བཟང་ཐར། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཆེན་མོའི་སློབ་གཙོ་གཞོན་པ་ལྡོང་ཡོན་ཏན་རྒྱ་མཚོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་པོའི་ཞིབ་འཇུག་པ་གཞོན་པ་ཤྭ་བོ་ཀླུ་རྒྱལ་སོགས་ཀྱིས་སློབ་དཔོན་དམུ་དགེ་རིན་པོ་ཆེའི་བཀའ་དྲིན་དང་འབྲེལ་བའི་བགྲོ་གླེང་གསུང་བཤད་ཅི་རིགས་པ་མཛད་དེ་གྲོལ། ཁྱོན་ཚོགས་འདུ་འདི་ཉིན་གསུམ་གྱི་ཡུན་ལ་ཡིན་འདུག ༼མཚོ་སྔོན་པོ་དྲ་བ་ལས་༽
      

    ཕྱོགས་བསྡུས་གསར་འགྱུར།