འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅༎བདེ་འཇགས་ལྟ་སྐུལ་སྤྱི་ཁྱབ་ཅུས་ཀྱིས་བོད་ལྗོངས་ལྷ་སའི “༨.༩”གཞུང་ལམ་འགྲིམ་འགྲུལ་
    གྱི་ལས་འཛོལ་ཚབས་ཆེན་གྱི་བརྟག་དཔྱད་འབྲས་བུ་བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་02ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༣༠ཉིན་བདེ་འཇགས་ལྟ་སྐུལ་སྤྱི་ཁྱབ་ཅུས་ཀྱིས་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལྗོངས་ལྷ་སའི“༨·༩”གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཚབས་ཆེན་གྱི་བརྟག་དཔྱད་སྙན་ཞུར་མཆན་འགོད་བཀའ་ལན་བྱས་ནས་འགྲིམ་འགྲུལ་ལས་འཛོལ་དེ་འགན་འཁྲིའི་ལས་འཛོལ་ཞིག་ཡིན་པའི་གཏན་འཁེལ་བྱས་པ་དང་། ཉེས་གསོག་དོགས་ཡོད་མི་སྣ་ཁྲིམས་འཛིན་ལས་ཁུངས་སུ་རྩིས་སྤྲད་ནས་ཉེས་དོན་འགན་འཁྲི་བདའ་འདེད་བཏང་བ་དང་འགན་འཁུར་བ་གཞན་ཚང་མར་དེ་མཚུངས་ཀྱི་ཏང་ཁྲིམས་དང་། སྲིད་ཁྲིམས། སྲིད་འཛིན་བཅས་ཀྱི་ཆད་པ་བཅད་པའི་གནས་ཚུལ་བསྒྲགས་པ་རེད།
         ༢༠༡༤ལོའི་ཟླ་༨ཚེས་༩ཉིན་གྱི་ཆུ་ཚོད་༡༤དང་སྐར་མ་༣༧ཙམ་ལ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མངའ་ཁོངས་ནང་གི་རྒྱལ་ལམ་༣༡༨ཐོག་གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཚབས་ཆེན་ཐོན་ནས་མི་༤༤ཤི་བ་དང་མི་༡༡རྨས་ནས་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་༣༩༠༠ཙམ་ཕོག་ཡོད་པ་རེད།
         བརྟག་དཔྱད་བྱས་པའི་དོན་དངོས་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་། ཀྲི་ཡོན་ཀུང་སིའི་འགན་འཁུར་བ་གཙོ་བོ་དབྱང་ཡན་ཅི་དང་གནས་མཆོག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་དེ་བཞིན་འགན་འཁུར་བ་ངོ་མ་དབྱང་ཅན་ཁང་སོགས་མི་བདུན་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་དང་། མི་༡༥ལ་ཏང་ཁྲིམས་དང་། སྲིད་ཁྲིམས། སྲིད་འཛིན་བཅས་ཀྱི་ཆད་པ་བཅད་ཡོད། གནས་མཆོག་ཀུང་སིའི་ཁྲིམས་བཅད་འཐུས་མི་བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཨོ་དབྱང་ཤུན་དང་བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་སུའུ་ཕིང་གཉིས་ཀྱིས་ལས་འཛོལ་ཐད་འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་འཁུར་དགོས་པ་དང་ལོ་གོང་མའི་ཡོང་འབབ་ཀྱི་༨༠%ཡི་དངུལ་ཆད་བཅད་པ་དང་འབྲེལ་ཚེ་གང་ཡུལ་འགྲུལ་སྐྱེལ་སྐྱེལ་འདྲེན་ཁེ་ལས་ཀྱི་འགན་འཁུར་བ་གཙོ་བོའི་འགན་འཁུར་མི་ཆོག་པའི་ཆད་པ་བཅད་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྐྱོན་ཞིབ་གཏིང་ཟབ་བྱ་རྒྱུའི་འགན་དཀྲིས་པ་དང་བོད་རང་སྐྱོང་ལྗོངས་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཀྲི་ཡོན་ཀུང་སིའི་གཞུང་ལམ་སྐྱེལ་འདྲེན་གཉེར་སྐྱོང་གི་ཆོག་འཐུས་ལག་ཁྱེར་དང་ལས་གཉེར་ལག་ཁྱེར་བསྡུས་པའི་ཐོག་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་བ་དང་གནས་མཆོག་ཀུང་སིར་རྦད་དེ་བཅོས་སྒྲིག་བྱས་ཡོད། བོད་རང་སྐྱོང་ལྗོངས་བདེ་འཇགས་ལྟ་སྐུལ་དོ་དམ་ཅུས་ཀྱིས་འབྲེལ་ཡོད་འགན་འཁྲིའི་ཁེ་ལས་དང་དེ་མིན་གྱི་འགན་འཁུར་བ་གཙོ་བོར་གཞན་ལ་ཁྲིམས་གཏན་བཞིན་དངུལ་ཆད་གཅོད་དགོས་པའི་འགན་དཀྲིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།