འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་2ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།བོད་ལྗོངས་ཀྱིས་བདེན་པའི་རྒྱབ་ལངས་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་02ཉིན། 08:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སར་བདེན་པའི་རྒྱབ་ལངས་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་ནས་ཉེ་བའི་ལོའི་ནང་ཐོན་པའི་བདེན་པའི་རྒྱབ་ལངས་པ་༢༩དང་བདེན་པའི་རྒྱབ་ལངས་ཀྱི་མཉམ་སྡེབ་༡ལ་གཟེངས་བསྟོད་བྱས་པའི་ནང་རང་སྲོག་དོར་མཁན་༡༡ལ“བདེན་པའི་རྒྱབ་ལངས་ཀྱི་མཉམ་སྡེབ་དཔའ་བོ”འམ་ཡང་ན“བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ”(见义勇为)ཞེས་པའི་མཚན་སྙན་ཐོབ་པ་རེད།
         ད་རེས་ཀྱི་བདེན་པའི་རྒྱབ་ལངས་པའི་གྲས་སུ་གཞུང་ལས་པ་དང་ཉེན་རྟོག་པ། ཞིང་འབྲོག་པ། ཕྱི་ནས་འོང་བའི་ལས་མི། སློབ་མ་སོགས་ཡོད་ཅིང་། ཁོང་ཚོ་ལ“བདེན་པའི་རྒྱབ་ལངས་ཀྱི་མཉམ་སྡེབ་དཔའ་བོ”དང་། “བདེན་པའི་རྒྱབ་ལངས་ཀྱི་སྔོན་ཐོན་མཉམ་སྡེབ” “བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ” “བདེན་པའི་རྒྱབ་ལངས་ཀྱི་སྔོན་ཐོན་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།
         དེའི་ཁྲོད་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཟ་ཧྲེང་ཤང་རི་པ་གྲོང་ཚོ་ནས་ཡིན་པའི་ཉི་མ་བཀྲ་ཤིས་སོགས་བདེན་པའི་རྒྱབ་ལངས་ཆེད་རང་སྲོག་དོར་མཁན་༦དང་སྟབས་ལེགས་པར་འཚོ་ཐུབ་པ་༡ལ“བདེན་པའི་རྒྱབ་ལངས་ཀྱི་མཉམ་སྡེབ་དཔའ་བོའི”གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།
          ༢༠༡༣ལོའི་ཟླ་༢ཚེས་༦ཉིན། རི་པ་གྲོང་ཚོའི་དགའ་རབ་ཚོགས་ཆུང་འཕྲལ་སྡོམ་གེགས་སེལ་རུ་ཁག་ལ་འབྲོག་པ་གཉིས་ཀྱི་སྲོག་སྐྱོབ་རོགས་ཞེས་པའི་ཆ་འཕྲིན་འབྱོར་རྗེས་རི་པ་གྲོང་ཚོས་འཕྲལ་དུ་རོགས་སྐྱོབ་རུ་ཁག་སྒྲིག་འཛུགས་བྱས་ནས་གནས་ཚུལ་ཐོན་སར་སྐྱོད་པའི་ལམ་བར་གངས་རྡིབ་ཤོར་ནས་མི་༦སྟབས་མ་ལེགས་པར་སྲོག་ཤོར་བ་དང་མི་༡འཚོ་ཐུབ་པ་བྱུང་བ་རེད།
         གཞན་ཡང་བོད་ཀྱི་ཉེན་རྟོག་དཔོན་གྱི་མཐོ་རིམ་ཆེད་ཚན་སློབ་གྲྭའི་སློབ་ཕྲུག་ཝུའེ་བྱང་དང་ཉིང་ཁྲི་ས་ཁུལ་བྲག་ཡིབ་གྲོང་རྡལ“ཡི་ཝན་ཐུག་པ”ཟ་ཁང་གི་ཞབས་ཞུ་བ་ཁྲེང་ཧའོ་སོགས་བདེན་པའི་རྒྱབ་ལངས་ཆེད་སྲོག་དོར་མཁན་༥ལ“བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ”ཞེས་པའི་མཚན་སྙན་སྤྲད་པ་རེད།
         ཚོགས་འདུའི་ཐོག་༢༠༠༩ལོའི་ཆབ་མདོའི“༧·༢༩”ཡི་ཆུ་ལོག་ཁྲོད་སློབ་ཕྲུག་༨༦སྐྱོབ་མཁན་ཆབ་མདོ་ས་ཁུལ་དཔལ་འབར་རྫོང་ལྕགས་གོང་ཤང་སློབ་ཆུང་གི་དགེ་རྒན་ཚེ་རིང་བསོད་ནམས་དང་༢༠༡༡ལོར་ཆུར་ལྷུངས་པ་ལས་སྐྱོབ་མཁན་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་སྤྱི་བདེ་ཅུས་ཀྱི་ལས་རོགས་ཉེན་རྟོག་པ་པད་མ་རྡོ་རྗེ་གཉིས་ཀྱིས“བདེན་པའི་རྒྱབ་ལངས་ཀྱི་སྔོན་ཐོན་པའི”ཚབ་ཞུས་ནས་གཏམ་བཤད་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། བྱ་དགའ་ཐོབ་མཁན་ཚང་མར་ཁྱོན་མི་དམངས་ཤོག་སྒོར་ཁྲི་༥༤ཐོབ་པའི་ནང་། “བདེན་པའི་རྒྱབ་ལངས་ཀྱི་མཉམ་སྡེབ་དཔའ་བོ”མི་རེར་སྒོར་ཁྲི་༣དང་། སྟབས་ལེགས་པར་འཚོ་ཐུབ་པ་བྱུང་བར་སྒོར་ཁྲི་༡  “བདེན་པའི་རྒྱབ་ལངས་ཀྱི་སྔོན་ཐོན་མཉམ་སྡེབ”ལ་སྒོར་ཁྲི་༣  “བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ”མི་རེར་སྒོར་ཁྲི་༣  “བདེན་པའི་རྒྱབ་ལངས་ཀྱི་སྔོན་ཐོན་པ”མི་རེར་སྒོར་ཁྲི་༡བཅས་ཐོབ་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།