མི་དམངས་དྲ་བ།

༄༅།།ཀྲུང་དབྱང་གི་ཕྱི་འབྲེལ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་01ཉིན། 08:17】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཀྲུང་དབྱང་གི་ཕྱི་འབྲེལ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གི་ཕྱི་འབྲེལ་ལས་དོན་ཚོགས་འདུ་ཟླ་11ཚེས་28དང་ཚེས་29ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་དུས་བབ་ཆེན་པོ་གཉིས་སྤྱི་འདོམས་དང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་སྤྱི་འདོམས། ཞི་བའི་འཕེལ་རྒྱས་དང་མི་རིགས་བསྐྱར་དར་གཉིས་ཀྱི་གཙོ་སྣེར་སྐུལ་འདེད་གཏོང་རྒྱུ་སྟངས་འཛིན་མཐའ་འཁྱོངས་ནན་པོ་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་ནས་ཞི་བའི་འཕེལ་རྒྱས་ལ་དེ་བས་ཕན་པའི་རྒྱལ་སྤྱིའི་ཁོར་ཡུག་བཏོད་པ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་སྲུང་སྐྱོང་དང་རིང་དུ་གཏོང་བ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱ་ཆེད་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
      ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
       ད་ཐེངས་ཀྱི་ཚོགས་འདུ་དེ་ཏང་ཀྲུང་དབྱང་གིས་དུས་བབ་གསར་པའི་འོག་ཕྱི་ཕྱོགས་ལས་དོན་ཡག་པོ་བསྒྲུབ་ཆེད་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཚོགས་འདུའི་ལས་འགན་གཙོ་བོ་ནི། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་སྤྱིའི་དུས་བབ་དང་རང་རྒྱལ་གྱི་ཕྱི་རོལ་ཁོར་ཡུག་འགྱུར་ལྡོག་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱེད་པ། དུས་བབ་གསར་པའི་འོག་གི་ཕྱི་ཕྱོགས་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། རྩ་བའི་རྩ་དོན། འཐབ་ཇུས་དམིགས་ཚད། ལས་འགན་གཙོ་བོ་བཅས་གསལ་དུ་གཏོང་བ་བཅས་བྱས་ཏེ་ཕྱི་ཕྱོགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་དེ་ཡིན། 
      ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་དུས་བབ་ཆེན་པོ་གཉིས་སྤྱི་འདོམས་བྱས་པ་དང་འབྲེལ་ཕྱི་འབྲེལ་ཐད་ཀྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་ཐོག་རང་འགུལ་ངང་ཇུས་འགོད་དང་འབད་འབུངས་ཡར་བརྩོན་བྱས་པར་བརྟེན་ཕྱི་ཕྱོགས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ང་ཚོས་དུས་བབ་གསར་པ་དང་ལས་འགན་གསར་པར་དམིགས་ནས་ཕྱི་ཕྱོགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ཀྲུང་གོའི་ཕུགས་འདུན་སྐོར་གྱི་འཛམ་གླིང་གི་དོན་སྙིང་རྒྱས་བཤད་བྱ་རྒྱུར་གཙིགས་ཆེན། ཞི་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་བསམ་བློ་ཕུན་སུམ་ཇེ་ཚོགས་སུ་བཏང་བ། མཉམ་ལས་གཉིས་ཁེས་སྲོག་ཤིང་དུ་བྱེད་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུའི་ནན་བཤད་བྱས་པ་དང་། ཡང་དག་པའི་དྲང་ཁེའི་ལྟ་བ་བཏོན་པ་དང་ལག་བསྟར་བྱས་པ། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་སྲོལ་གཏོད། རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་བ། མཛའ་ཞིང་བརྩེ་ལ་ཁོག་ཡངས་ཀྱི་མཐའ་འཁོར་གྱི་ཕྱི་འབྲེལ་འདུ་ཤེས་དང་དངོས་ཐོག་དང་མཛའ་ཞིང་བརྩེ་བའི་ཨ་ཧྥེ་རི་ཁར་ཕྱོགས་པའི་ལས་ཀའི་བྱེད་ཕྱོགས་བཏོན་པ་དང་ལག་ལེན་བསྟར་བ་བཅས་བྱས་ཡོད། ཐོབ་པའི་གྲུབ་འབྲས་དེ་དག་ནི་ཕྱི་ཕྱོགས་ལས་དོན་གྱི་འཐབ་ཕྱོགས་དང་ལྷག་པར་དུ་ཕྱི་རྒྱལ་དུ་བཅའ་སྡོད་བྱེད་མཁན་བློ་མཐུན་ཚོའི་དཀའ་སྤྱད་ལས་དོན་དང་ཁ་འབྲལ་ཐབས་མེད་ཅེས་གསུངས་ཤིང་། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཕྱི་ཕྱོགས་ལས་དོན་འཐབ་ཕྱོགས་ཐོག་གི་བློ་མཐུན་ཡོད་དོ་ཅོག་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
      ཞིས་ཅིན་ཕིང་གིས་འཛམ་གླིང་འཕེལ་རྒྱས་ཀྱི་དུས་བབ་དང་རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་ལ་དབྱེ་ཞིབ་གཏིང་ཟབ་གནང་ཞིང་། ཁོང་གིས་འཛམ་གླིང་འཕེལ་རྒྱས་ཀྱི་དུས་བབ་ཆེན་པོར་ཤེས་རྟོགས་དང་དུས་རབས་རླབས་རྒྱུན་གྱི་རྗེས་ཟིན་པ་བྱ་རྒྱུ་དེ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་དང་རྒྱུན་སྒྲུབ་རྒྱུན་གསར་གྱི་བརྗོད་གཞི་ཞིག་ཡིན། ཀྲུང་གོ་འཕེལ་རྒྱས་གཏོང་དགོས་ན། ངེས་པར་དུ་འཛམ་གླིང་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་དགོས། འཛམ་གླིང་གི་མིག་རྒྱང་འཛུགས་པ་དང་དུས་རབས་ཀྱི་འཕར་རྩ་སྟངས་འཛིན་བྱས་ནས་དེང་སྐབས་འཛམ་གླིང་གི་འགྱུར་ལྡོག་གནད་ལ་འཕིགས་པའི་སྒོ་ནས་མཐོང་ཐུབ་པ་དང་གསལ་པོ་མཐོང་ཐུབ་པ་བྱེད་དགོས་ལ། སྣང་ཚུལ་སྣ་ཚོགས་ཁྲོད་ནས་ངོ་བོ་མཐོང་ཐུབ་པ་དང་ལྷག་པར་དུ་ཕུགས་ཀྱི་འཕེལ་ཕྱོགས་གསལ་རྟོགས་ཐུབ་པ་བྱེད་དགོས། རྒྱལ་སྤྱིའི་གནས་བབ་ཀྱི་འཕེལ་རྒྱས་འགྱུར་ལྡོག་གི་རྙོག་འཛིང་རང་བཞིན་ཚོད་དཔག་ཐུབ་པ་བྱེད་དགོས་ལ། འཛམ་གླིང་སྣ་མང་ཅན་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བའི་དུས་བབ་ལ་འགྱུར་ལྡོག་འགྲོ་མི་སྲིད་པ་དེ་བས་མཐོང་ཐུབ་པ་བྱེད་དགོས་པ་དང་། འཛམ་གླིང་དཔལ་འབྱོར་ལེགས་སྒྲིག་གི་ཀྱག་ཀྱོག་ལམ་བུར་ཚོད་དཔག་གང་ལེགས་བྱེད་དགོས་ལ། དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་རིམ་ལ་འགྱུར་ལྡོག་འགྲོ་མི་སྲིད་པ་དེ་བས་མཐོང་ཐུབ་པ་བྱེད་དགོས་པ། རྒྱལ་སྤྱིའི་འགལ་ཟླ་དང་འཐབ་རྩོད་ཀྱི་རྣོ་ངར་རང་བཞིན་ལ་ཚོད་དཔག་གང་ལེགས་བྱེད་དགོས་ལ། ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་ཀྱི་བརྗོད་གཞིར་འགྱུར་ལྡོག་འགྲོ་མི་སྲིད་པ་དེ་བས་མཐོང་ཐུབ་པ་བྱེད་དགོས་པ།རྒྱལ་སྤྱིའི་གོ་རིམ་འགྲན་རྩོད་ཀྱི་ཡུན་རིང་རང་བཞིན་ལ་ཚོད་དཔག་གང་ལེགས་བྱེད་དགོས་ལ།རྒྱལ་སྤྱིའི་མ་ལག་འཕོ་འགྱུར་གྱི་ཁ་ཕྱོགས་ལ་འགྱུར་ལྡོག་འགྲོ་མི་སྲིད་པ་དེ་བས་མཐོང་ཐུབ་པ་བྱེད་དགོས་པ། རང་རྒྱལ་མཐའ་འཁོར་གྱི་ཁོར་ཡུག་ནང་གི་གཏན་འཁེལ་མེད་པའི་རང་བཞིན་ལ་ཚོད་དཔག་གང་ལེགས་བྱེད་དགོས་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་སྤྱི་ཡོངས་གྲ་རྒྱས་བརྟན་ལྷིང་གི་དུས་བབ་ལ་འགྱུར་ལྡོག་འགྲོ་མི་སྲིད་པ་དེ་བས་མཐོང་ཐུབ་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
      ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་གི་འཛམ་གླིང་ནི་འཕོ་འགྱུར་གྱི་འཛམ་གླིང་ཞིག་དང་། གོ་སྐབས་གསར་པ་དང་འགྲན་སློང་གསར་པ་རྒྱུན་མི་ཆད་པར་ཐོན་པའི་འཛམ་གླིང་ཞིག རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་སྒྲིག་ལམ་ལེགས་སྒྲིག་ཟབ་མོ་བྱེད་པའི་འཛམ་གླིང་ཞིག རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་བར་འགྱུར་ལྡོག་གཏིང་ཟབ་འགྲོ་བ་དང་སྦྲགས་ཞི་བདེ་དང་འཕེལ་རྒྱས་ལ་ཕན་པའི་ཕྱོགས་སུ་འགྱུར་ལྡོག་འགྲོ་བའི་འཛམ་གླིང་ཞིག་བཅས་ཡིན། ང་ཚོས་འཛམ་གླིང་ལ་བལྟ་སྐབས། མིག་འཕྲུལ་རྒྱུ་མེད་ལ་མིག་ཀྱང་མ་འགྲིབ་པ་བྱས་ནས་ལོ་རྒྱུས་ཆོས་ཉིད་ཀྱི་རྒྱང་ཤེལ་ལ་བརྟེན་ནས་རྒྱང་བལྟ་ཞིབ་ཕྲ་བྱེད་དགོས། ཕྱོགས་བསྡུས་བརྡར་ཤ་བཅད་པ་བརྒྱུད། རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་མདུན་ལམ་ཆེན་པོ་ལྡན་པའི་འཐབ་ཇུས་ཀྱི་གོ་སྐབས་དུས་སྐབས་གལ་ཆེན་ཞིག་ཏུ་གནས་ཡོད། ང་ཚོར་འཕྲད་པའི་གོ་སྐབས་ཆེ་ཤོས་དེ་ནི་རང་ཉིད་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བཞིན་ཡོད་པ་དང་ཆབས་ཅིག་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་མཐོང་ཆེན་བྱས་ནས་ཉེན་ཁ་གོ་སྐབས་སུ་སྒྱུར་མཁས་པོ་དང་ཉེན་ཁ་བདེ་འཇགས་སུ་སྒྱུར་མཁས་པོ་བྱེད་དགོས།
      ཞིས་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་དེ་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ཀྲུང་གོ་དང་འཛམ་གླིང་དབར་གྱི་འབྲེལ་བར་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་། རང་རྒྱལ་དང་རྒྱལ་སྤྱིའི་སྤྱི་ཚོགས་དབར་གྱི་མཉམ་འབྲེལ་མཉམ་སྐུལ་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ། རང་རྒྱལ་གྱིས་འཛམ་གླིང་ལ་བརྟེན་པ་དང་རྒྱལ་སྤྱིའི་ལས་དོན་ནང་ཞུགས་རྒྱུ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། འཛམ་གླིང་གིས་རང་རྒྱལ་ལ་བརྟེན་པ་དང་རང་རྒྱལ་ལ་ཤུགས་རྐྱེན་ཐེབས་ཤུགས་ཀྱང་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། ང་ཚོས་སྒྱུར་བཅོས་འཕེལ་རྒྱས་ལ་ལྟ་ཞིབ་དང་འཆར་འགོད་བྱེད་སྐབས་ངེས་པར་དུ་རྒྱལ་སྤྱི་དང་རྒྱལ་ནང་གི་ཁྲོམ་ར་གཉིས་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་ཐོན་ཁུངས་གཉིས། རྒྱལ་སྤྱི་དང་རྒྱལ་ནང་གི་སྒྲིག་སྲོལ་གཉིས་བཅས་སྤྱི་འདོམས་བྱས་ནས་བསམ་བློ་གཏོང་བ་དང་ཕྱོགས་བསྡུས་བྱས་ནས་སྤྱོད་དགོས།
     ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོར་ངེས་པར་དུ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་འབྲེལ་བ་ཡོད་དགོས། ང་ཚོས་ལག་ལེན་གྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་ཕྱི་ཕྱོགས་ཀྱི་ལས་ཀའི་འདུ་ཤེས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ནས་རང་རྒྱལ་གྱི་ཕྱི་ཕྱོགས་ལས་དོན་ལ་མངོན་གསལ་དོད་པའི་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་རྣམ་པ། ཀྲུང་གོའི་ཉམས་འགྱུར་བཅས་ལྡན་པ་བྱེད་དགོས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱེད་དགོས་པ། རང་རྒྱལ་གྱི་འཕེལ་རྒྱས་འགྲོ་ལམ་དང་། སྤྱི་ཚོགས་ཀྱི་ལམ་ལུགས། རིག་གནས་སྲོལ་རྒྱུན། རིན་ཐང་གི་ལྟ་བ་བཅས་མཐའ་འཁྱོངས་བྱེད་དགོས་པ།
      རང་ཚུགས་རང་བདག་གི་ཞི་བདེའི་ཕྱི་འབྲེལ་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་དེ་རང་ཉིད་སྟོབས་ཤུགས་ཀྱི་གཞི་རྩའི་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་ལམ་བུའི་ཐོག་དང་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་དགོས་པ་དང་ཆབས་ཅིག་ང་ཚོའི་ལུགས་མཐུན་ཁེ་དབང་རྩ་བ་ནས་དོར་མི་རུང་ལ་རྒྱལ་ཁབ་ཀྱི་སྲོག་ཤིང་ཁེ་ཕན་ཡང་རྩ་བ་ནས་བློས་གཏོང་བྱེད་མི་རུང་། དམངས་གཙོ་ཅན་གྱི་རྒྱལ་སྤྱིའི་འབྲེལ་བ་མཐའ་འཁྱོངས་བྱེད་པ་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་མཐའ་འཁྱོངས་བྱེད་པ། རྒྱལ་ཁབ་ཆེ་ཆུང་དང་། སྟོབས་ཞན་ལོས། དབུལ་ཕྱུག་བཅས་མི་དབྱེ་བར་ཚང་མ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདྲ་མཉམ་གྱི་ཁོངས་མིར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། འཛམ་གླིང་གི་ལས་དབང་དེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་སྟངས་འཛིན་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་སྲུང་སྐྱོང་དང་ལྷག་དོན་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱ་ཆེའི་རྒྱལ་ཁབ་ལ་སྐད་ཆ་ཤོད་དབང་ཐོབ་པ་བྱེད་དགོས།
      ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་མཉམ་ལས་གཉིས་ཁེ་མཐའ་འཁྱོངས་བྱས་ནས་མཉམ་ལས་གཉིས་ཁེས་སྲོག་ཤིང་དུ་བྱེད་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་མཐའ་འཁྱོངས་བྱས་ནས་མཉམ་ལས་གཉིས་ཁེའི་འདུ་ཤེས་དེ་ཆབ་སྲིད་དང་། དཔལ་འབྱོར། བདེ་འཇགས། རིག་གནས་སོགས་ཕྱི་ཕྱོགས་མཉམ་ལས་ཀྱི་ཕྱོགས་གང་གི་ཐོག་ནས་མངོན་ཐུབ་པ་བྱེད་དགོས།
      ཞིས་ཅིན་ཕིང་གིས་བསྟན་དོན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་ནང་རང་རྒྱལ་གྱི་ཕྱི་ཕྱོགས་ལས་དོན་ཐད་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་བྱས་ནས་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་སྲུང་སྐྱོང་བྱེད་དགོས། འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྲུང་གོའི་ཕུགས་འདུན་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱ་རྒྱུ་བརྩོན་ལེན་བྱེད་དགོས། མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། འཕེལ་རྒྱས་ཀྱི་གོ་སྐབས་དང་འཕེལ་རྒྱས་ཀྱི་བར་ཁྱམས་སྲུང་སྐྱོང་བྱེད་དགོས། མནའ་འབྲེལ་དུ་མི་ཞུགས་པའི་རྩ་དོན་མཐའ་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྒྱ་ཁྱབ་ངང་གྲོགས་པོ་སྒྲིག་དགོས།
      ཞིས་ཅིན་ཕིང་གིས་དུས་བབ་གསར་པའི་འོག་ཕྱི་འབྲེལ་འཐབ་ཇུས་རྒྱུན་ཆད་མེད་པར་རྒྱ་ཆེར་དང་ཟབ་ཏུ་གཏོང་བའི་ཐད་བླང་བྱ་བཏོན་གནང་ཞིང་། ཁོང་གིས་མཐའ་འཁོར་གྱི་ཕྱི་འབྲེལ་ལས་དོན་དམ་འཛིན་ཡག་པོ་བྱས་ནས་མཐའ་འཁོར་ལས་དབང་གི་ཐུན་མོང་སྒྲིག་གཞི་བཏོད་དེ་ལྷག་བསམ་ཟོལ་མེད་ཀྱི་མཐའ་འཁོར་གྱི་ཕྱི་འབྲེལ་འདུ་ཤེས་མཐའ་འཁྱོངས་དང་ཁྱིམ་མཚེས་རྒྱལ་ཁབ་དང་འཆམ་པོ་བྱེད་པ་དང་ཁྱིམ་མཚེས་རྒྱལ་ཁབ་རོགས་ཟླར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཁྱིམ་མཚེས་རྒྱལ་ཁབ་དབར་འཆམ་མཐུན་དང་། བདེ་འཇགས། འབྱོར་ཕྱུག་བཅས་ཡོང་བ་བྱས་ཏེ་མཐའ་འཁོར་རྒྱལ་ཁབ་ཀྱི་གཉིས་ཁེ་མཉམ་ལས་དང་ཕན་ཚུན་འབྲེལ་མཐུད་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
      ཞིས་ཅིན་ཕིང་གིས་དུས་བབ་གསར་པའི་འོག་གི་ཕྱི་ཕྱོགས་ལས་དོན་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཕྱི་ཕྱོགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ། ཁྱབ་ཁོངས་ཁག་དང་སྡེ་ཚན་ཁག་དང་ས་གནས་ཁག་བཅས་ཀྱི་ཕྱི་ཕྱོགས་ལས་དོན་གྱི་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། འཐབ་ཇུས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ཕྱི་དོན་དོ་དམ་ཚད་ལྡན་དུ་གཏོང་བ། ཕྱི་དོན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཕྱི་ཕྱོགས་ལས་དོན་ལ་རྣམ་པ་གསར་པ་གཏོད་ཆེད་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།
       ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་། ཕྱི་འབྲེལ་པུའུ། ཚོང་དོན་པུའུ། རིག་གནས་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་། སྤྱི་ཁྱབ་ཚན་མོའུ་པུའུ། ཀྲེ་ཅང་ཞིང་ཆེན། ཨ་རིར་བཅའ་སྡོད་གཞུང་ཚབ་ཁང་གི་འགན་འཁུར་བློ་མཐུན་བཅས་ཀྱིས་ཚོགས་ཆེན་ཐོག་སྤེལ་རེས་གཏམ་བཤད་གནང་བ་རེད།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
       ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། འཆར་གཞིའི་ལོགས་བཀོད་གྲོང་ཁྱེར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་དེ་བཞིན་དམག་དཔུང་གི་འབྲེལ་ཡོད་ཚན་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ཁག་གཅིག་དང་དངུལ་རྩའི་སྒྲིག་གཞིའི་འགན་འཁུར་བློ་མཐུན་གཙོ་བོ། ཕྱིར་སྡོད་གཞུང་ཚབ་ཆེ་མོ། གཞུང་ཚབ་ཆེ་མོའི་ཐོབ་ཐང་ཡོད་པའི་སྤྱི་ཁྱབ་ཁེ་སྐྱོང་བ། རྒྱལ་སྤྱིའི་རྩ་འཛུགས་སུ་བཅའ་སྡོད་ཀྱི་འཐུས་མི་དང་། ཤང་ཀང་དང་ཨའོ་མོན་དུ་བཅའ་སྡོད་ཕྱི་འབྲེལ་པུའི་སྤྱི་ཁྱབ་ཁང་གི་དམིགས་བསལ་ཆེད་མངགས་པ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།