༄༅།།བོད་ལྗོངས་ནང་བསྟན་སློབ་གླིང་བཙུན་མའི་ཚན་པ་དངོས་སུ་སློབ་འགོ་ཚུགས་པ།
གསར་འགྱུར་སྤེལ་དུས། 【2014ལོའི་ཟླ་ 11ཚེས་28ཉིན། 09:23】 (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)
ཟླ་11ཚེས་25ཉིན་གྱི་སྔ་དྲོར་བོད་ལྗོངས་ནང་བསྟན་སློབ་གླིང་བཙུན་མའི་ཚན་པའི་(西藏佛学院尼姑部)ཨར་སྐྲུན་ལེགས་གྲུབ་ཟིན་པ་དང་འབྲེལ་སྐབས་དང་པོའི་སློབ་འགོ་ཚུགས་པའི་མཛད་སྒོ་ཡང་འཚོགས་པ་རེད། ལྗོངས་ཡོངས་ཀྱི་ས་ཁུལ་(གྲོང་ཁྱེར)བདུན་ནས་ཡོང་བའི་གྲུབ་མཐའ་ཆེན་པོ་ལྔ་ཡི་བཙུན་མ་104ཞུགས་ཡོད་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཏང་ཙུའི་ཧྲུའུ་ཅི་བསོད་ནམས་རིག་འཛིན་མཛད་སྒོར་ཞུགས་པ་རེད།
མགོན་པོ་བཀྲ་ཤིས་ཀྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་བོད་ལྗོངས་ནང་བསྟན་སློབ་གླིང་བཙུན་མ་པུའི་ཨར་སྐྲུན་ལེགས་གྲུབ་ཟིན་ནས་བདེ་བླག་ངང་སློབ་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད། ལྗོངས་ཡོངས་ཀྱི་ས་ཁུལ་(གྲོང་ཁྱེར)བདུན་ནས་ཡོང་བའི་སྐབས་དང་པོའི་བཙུན་མའི་འཛིན་གྲྭའི་སློབ་མ་ཚོར་དགའ་བསུ་་དང་། ནང་བསྟན་སློབ་གླིང་གི་སློབ་མ་ཡོངས་དང་དགེ་རྒན་དང་ལས་བཟོ་ཚོར་འཚམས་འདྲི་ཞུས་གནང་། ཁོང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྟོབས་ཤུགས་འཚར་ལོངས་ཐད་ལ་ཐུགས་ཁུར་ཆེན་པོ་བྱེད་ཀྱི་ཡོད། བོད་ལྗོངས་ནང་བསྟན་སློབ་གླིང་ཡག་པོ་གཉེར་རྒྱུ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་གལ་ཆེན་ཞིག་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་པ་དང་། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད་པ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཕན་ཐོགས་ཡོད་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད་ལ་འཐབ་ཕྱོགས་གཅིག་གྱུར་གྱིས་མི་རིགས་ཆོས་ལུགས་དང་ནང་བསྟན་སློབ་གླིང་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་རེད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་སྟེ་བོད་ལྗོངས་ནང་བསྟན་སློབ་གླིང་བཙུན་མའི་ཚན་པ་བསྐྲུན་པ་དེ་ནི་ལྗོངས་ཡོངས་ཀྱི་བཙུན་མ་ཤེས་ལྡན་པར་ཆེད་མངགས་གསོ་སྐྱོང་བྱེད་རྒྱུ་རྨང་གཞིར་བྱས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱ་ཆེའི་བཙུན་མ་ཚོར་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་གང་ལེགས་མངོན་ཡོད་ཅེས་གསུངས་པ་རེད།
