མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་དུས་བབ་གསར་པའི་འོག་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་
བསྒྲུབས་ནས་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་
བྱེད་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་28ཉིན། 08:06】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཞིས་ཅིན་ཕིང་གིས་དུས་བབ་གསར་པའི་འོག་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་
བསྒྲུབས་ནས་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་
བྱེད་དགོས་ཞེས་ནན་བཤད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་26ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ནི་ཧ་ཅང་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན་པ་དང་། ང་ཚོའི་ཏང་གི་ལས་དོན་ནང་དམིགས་བསལ་དང་གལ་འགངས་ཆེ་བའི་གནས་བབ་བཟུང་ཡོད་ལ། ཏང་ཀྲུང་དབྱང་གིས་རྒྱ་ཆེའི་བློ་མཐུན་རྒན་གྲས་ལ་ཐུགས་ཁུར་དང་དགའ་གཅེས་ཀྱི་སེམས་པ་མཚོན་པར་བྱེད་པའི་ལས་འགན་གལ་ཆེན་ཡང་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་བཟང་པོ་དར་སྤེལ་གཏོང་བའི་མཐོ་ཚད་ཀྱི་ཐོག་ནས་དུས་བབ་གསར་པའི་འོག་གི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་ཁག་རེ་རེ་བྱས་ནས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
      སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ད་ཐེངས་རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་དེ་ནི་ཧ་ཅང་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་ཡིན། ཚོགས་འདུ་དེ་འཚོག་རྒྱུ་ཡིན་པ་ཐོས་རྗེས། ཚང་མ་དང་ཐུག་རྒྱུའི་གོ་སྐབས་བྱུང་སོང་སྙམ་བྱུང་ཞེས་གསུངས་ཤིང་། ཞིས་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་སྒོ་ནས་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་མ་ཟད། རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་དང་འབྲེལ་རྒྱ་ཆེའི་ལས་བྱེད་རྒན་གྲས་ཀྱི་ལས་དོན་སྒྲུབ་མཁན་ལས་དོན་མི་སྣ་དང་འཐབ་ཕྱོགས་དང་པོར་ཞབས་ཞུའི་ལས་ལ་གཞོལ་མཁན་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
      ཞིས་ཅིན་ཕིང་གིས་རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་ནོར་བུ་ཡིན། ན་ནིང་ཀྲུང་དབྱང་རྩ་འཛུགས་པུས་བློ་མཐུན་རྒན་གྲས་ཁྲོད“ངས་ལོ་དེར་བལྟ”ཞེས་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། འདི་ལོ་“ངས་ཏང་འཛུགས་སྐྱོང་ལ་བལྟ”ཞེས་པའི་བརྟག་ཞིབ་བྱེད་སྒོ་སྤེལ་བར་བརྟེན་བྱེད་སྒོའི་ཁྲོད་ནས་བློ་མཐུན་རྒན་གྲས་ཚོས་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་ལ་ཁས་ལེན་དང་ཚད་མཐོའི་གདེང་འཇོག་བྱེད་པ་དང་། ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་བ། སྤྱོད་ཚུལ་བསྒྱུར་རྒྱུ་དང་རུལ་སུངས་ལ་སེམས་ཐག་གཙང་བཅད་ཀྱིས་ཆད་པ་གཅོད་རྒྱུར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པ་བཅས་ཚོར་བྱུང་། དེ་ཐོག་་ནས་བློ་མཐུན་རྒན་གྲས་ཚོས་ཏང་ལ་བརྩེ་སེམས་ཟབ་མོ་བཅངས་པ་དང་ཏང་གི་བྱ་གཞག་ལ་བློ་དཀར་སེམས་དཀར་བྱེད་པ་གང་ལེགས་མངོན་ཡོད་ཅེས་ནན་བཤད་གནང་བ་རེད།
      ཞིས་ཅིན་ཕིང་གིས་བློ་མཐུན་རྒན་གྲས་ཀྱི་སྔོན་ཐོན་བྱས་རྗེས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ་སྤྱི་ཚོགས་ཧྲིལ་པོར་བློ་མཐུན་རྒན་གྲས་ལ་བརྩི་འཇོག་དང་། བློ་མཐུན་རྒན་གྲས་ལ་གཅེས་སྐྱོང་། བློ་མཐུན་རྒན་གྲས་ལ་སློབ་སྦྱོང་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཆགས་པ་བྱེད་དགོས། བློ་མཐུན་རྒན་གྲས་ཚོའི་ཆབ་སྲིད་ཀྱི་ལེགས་ཆ་དང་། ཉམས་མྱོང་གི་ལེགས་ཆ། དབང་གྲགས་ཀྱི་ལེགས་ཆ་བཅས་འདོན་སྤེལ་བྱེད་པ་དང་། བློ་མཐུན་རྒན་གྲས་ཀྱིས་ཀྲུང་གོའི་སྒྲུང་གཏམ་བརྗོད་པ་དང་། ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་བ། ཀྲུང་གོར་བསྟོད་པའི་གཏམ་བཤད་བརྒྱུད་སྤེལ་བཅས་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་བས་ལེགས་པའི་སྒོ་ནས་སྐྱེད་སྲིང་དང་ལག་ལེན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བློ་མཐུན་རྒན་གྲས་ཀྱི་འཚོ་བའི་ཁྲོད་ཀྱི་དཀའ་ངལ་ཐག་གཅོད་ཡག་པོ་བྱས་ཏེ་བློ་མཐུན་རྒན་གྲས་རྣམས་བདེ་སྐྱིད་ལྡན་པའི་ཚེ་མཇུག་སྐྱེལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།