འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་དང་ལི་ཁེ་ཆང་གིས་སི་ཁྲོན་ཞིང་ཆེན་དཀའ་མཛེས་ཁུལ་དར་རྩེ་མདོ་རྫོང་
    ཁོངས་སུ་ས་ཡོམ་རིམ་པ་6.3བྱུང་བའི་ཐད་ལ་མཛུབ་སྟོན་གནང་བ། 

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་24ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། པེ་ཅིན་གྱི་དུས་ཚོད་ཟླ་11ཚེས་22ཉིན་གྱི་ཆུ་ཚོད་16དང་སྐར་མ་55ཐོག་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ་རྫོང་ཁོངས་(བྱང་གི་འཕྲེད་ཐིག་ཏུའུ་30.3དང་ཤར་གྱི་གཞུང་ཐིག་ཏུའུ་101.7)སུ་ས་ཡོམ་རིམ་པ་6.3བྱུང་ཞིང་། ཡོམ་གནས་ཀྱི་གཏིང་ཚད་ཧ་ལམ་སྤྱི་ལེ་18ཡོད་པ་རེད། བསྡོམས་རྩིས་རགས་ཙམ་བྱས་ཚུལ་ལྟར་ན།  ཟླ་11ཚེས་23ཉིན་གྱི་ཆུ་ཚོད་22ཀྱི་བར་དུ་ས་ཡོམ་ལས་མི་5རྐྱེན་ལམ་དུ་ཤོར་བ་དང་། མི་54ལ་རྨས་སྐྱོན་ཕོག་ཅིང་། མི་གྲངས་ཁྲི་7.95ལ་གནོད་འཚེ་ཕོག་པ་དང་། དུད་ཁྱིམ་2600ཡི་སྡོད་ཁང་ལ་གས་སྐྱོན་ཚབས་ཆེན་དང་དུད་ཁྱིམ་ཁྲི་2.3གྱི་སྡོད་ཁང་ལ་གས་སྐྱོན་སྤྱིར་བཏང་བྱུང་བ་རེད།
         དར་རྩེ་མདོ་རྫོང་ཁོངས་སུ་ས་ཡོམ་བྱུང་རྗེས་ཧྥི་ཅི་རྒྱལ་ཁབ་ཏུ་འཚམས་འདྲི་གནང་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ལམ་སང་མཛུབ་སྟོན་གནང་བ་འདི་ལྟར། སི་ཁྲོན་ཞིང་ཆེན་དང་དམངས་སྲིད་པུའུ་ལ་སོགས་པའི་འབྲེལ་ཡོད་སྡེ་ཁག་ཚོས་མགྱོགས་མྱུར་ངང་མི་སྣ་སྒྲིག་འཛུགས་བྱས་ནས་ནུས་ཤུགས་གང་ཡོད་ཀྱིས་ཉེན་སེལ་གུད་སྐྱོབ་བྱ་དགོས་པ་དང་། འབད་བརྩོན་ཆེ་ཤོས་ཀྱིས་མི་སྣ་ཤི་རྨས་བྱུང་གྲངས་ཉུང་དུ་གཏོང་གང་ཐུབ་བྱ་དགོས། དམག་དཔུང་དང་ཉེན་རྟོག་དྲག་དཔུང་ལ་སོགས་པའི་ཕྱོགས་ཀྱིས་ས་གནས་ཀྱིས་ཉེན་སེལ་གུད་སྐྱོབ་ཀྱི་ལས་དོན་སྤེལ་བར་གཞོགས་འདེགས་ཧུར་ཐག་དང་རྒྱབ་སྐྱོར་ཤུགས་ཆེན་བྱ་དགོས། ས་ཡོམ་བྱུང་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཞོར་ཐོན་གནོད་འཚེ་འབྱུང་བར་ཉེན་ཟོན་སྔོན་འགོག་དམ་ཟབ་བྱ་དགོས། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ལས་ཀ་ལེགས་པར་བསྒྲུབས་ནས་ཁོང་ཚོའི་གཞི་རྩའི་འཚོ་བར་འགན་སྲུང་བྱ་དགོས་པ་དང་བདེ་འཇགས་ངང་དགུན་དུས་བརྒལ་བ་འགན་ལེན་ཏན་ཏིག་བྱ་དགོས།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྱང་མཆན་བཀོད་མཛུབ་སྟོན་གནང་བ་འདི་ལྟར། གནོད་འཚེ་བྱུང་ཚུལ་ཞིབ་དཔྱད་དམ་འཛིན་བྱས་ནས་ཤུགས་གང་ཡོད་བཏོན་ནས་ཉེན་སེལ་གུད་སྐྱོབ་ཀྱི་ལས་དོན་སྒྲིག་འཛུགས་བྱ་དགོས། རྒྱལ་ཁབ་གནོད་འཕྲི་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་ཡིས་དོ་ཁུར་དམ་ཟབ་བྱས་ཏེ་འཕྲལ་བསྟུན་དང་ལེན་ལམ་སྲོལ་ལྟར་ས་ཡོམ་བྱུང་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་ལས་དོན་ཚོགས་ཆུང་མངགས་གཏོང་བྱས་ནས་ས་གནས་ཀྱིས་ཡོམ་འགོག་གནོད་སེལ་ལས་དོན་ལེགས་པར་སྒྲུབ་པར་མཛུབ་སྟོན་དང་རོགས་རམ་བྱ་དགོས།
      

    ཕྱོགས་བསྡུས་གསར་འགྱུར།