འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་སུ་ཞུགས་པ་དང་
    འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་17ཉིན། 07:51】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཞིས་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་སུ་ཞུགས་པ་དང་
འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་དགུ་པ་ཨོ་སི་ཁྲུ་ལི་ཡའི་པུའུ་ལི་སི་པན་དུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་༼གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཉམ་དུ་དཔལ་འབྱོར་འཕར་བ་བྱེད་དགོས་༽ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་སྟེ་དཔལ་འབྱོར་སྒྱུར་བཅོས་ལ་མཉམ་དུ་སྐུལ་འདེད་གཏོང་མཁན་གྱི་འཕེལ་རྒྱས་ཀྱི་རོགས་ཟླ་ཞིག་བྱེད་པ་དང་། དཔལ་འབྱོར་ཕྱོགས་ཡོངས་ནས་འཕར་བའི་འཐབ་ཇུས་དོན་འཁྱོལ་བྱས་ཏེ་འཛམ་གླིང་དཔལ་འབྱོར་དུས་འཁོར་རང་བཞིན་གྱི་སླར་གསོ་ནས་རྒྱུན་མཐུད་ངང་འཕར་བའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཤིང་། ཞིས་ཅིན་ཕིང་གིས་ཀྲུང་གོས་དཔལ་འབྱོར་འཕར་བའི་དུས་བབ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གི་གསུང་བཤད་ནང་འདས་ཟིན་པའི་ལོ་དེ་དག་ནང་འཛམ་གླིང་དཔལ་འབྱོར་རིམ་གྱིས་ཆག་པའི་རྣམ་པ་ལས་སྒྲོལ་ཏེ་རྒྱུན་ཆད་མེད་པར་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད། དེ་དང་ཆབས་ཅིག་དཔལ་འབྱོར་སླར་གསོའི་སྟོབས་ཤུགས་ཆེན་པོ་མེད་པ་དང་དངུལ་རྩའི་ཁྲོམ་རར་ད་དུང་ཉེན་ཁ་འཕྲད་པའི་ཐོག་རྒྱལ་སྤྱིའི་ཚོང་དོན་སྔར་བཞིན་ཆག་པའི་གནས་སུ་གྱར་ཡོད། ང་ཚོའི་མིག་སྔའི་ལས་འགན་གཙོ་བོ་ནི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་སྙོམས་སྒྲིག་དང་། འཕེལ་རྒྱས་ཀྱི་དཀའ་གནད་ཐུན་མོང་ཐོག་སེལ་བ།དཔལ་འབྱོར་གྱི་ཉེན་ཁ་ཆུང་དུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་གྲ་རྒྱས་དང་། དངུལ་རྩ་བརྟན་པོ། ཚོང་དོན་འཕེལ་རྒྱས།ལས་ཞུགས་དང་དམངས་འཚོ་ལེགས་གཏོང་བཅས་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།
        ཞིས་ཅིན་ཕིང་གིས་མི་རིང་བའི་གོང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་ཆེད་འཆར་གཞི་བཀོད་ཡོད།རྒྱལ་ཁབ་ཉི་ཤུ་ཚོགས་པས་ཀྱང་འབད་བརྩོན་བྱས་ཏེ་དཔལ་འབྱོར་ཕྱོགས་ཡོངས་ནས་འཕར་རྒྱུའི་འཐབ་ཇུས་གཏན་འཁེལ་བྱས་ཡོད།འཐབ་ཇུས་དེ་དོན་འཁྱོལ་བྱེད་པར་གལ་འགངས་ཆེ་ཤོས་ནི་དཔལ་འབྱོར་ཡུན་རིང་འཕར་བའི་སྒུལ་ཤུགས་སྔོག་འདོན་དང་སྐྱེད་སྲིང་བྱས་ནས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་གསར་གཏོད་དང་།ཁེ་ཕན་མཉམ་བསྲེས།འཕར་རྒྱུ་མཉམ་འགུལ་བཅས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པ་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།
        ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པས་གཤམ་གསལ་ཕྱོགས་ཁག་ལ་འབད་བརྩོན་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་སྟེ། གཅིག  འཕེལ་རྒྱས་ཀྱི་བྱེད་ཐབས་གསར་གཏོད་བྱེད་དགོས།རྒྱལ་ཁབ་ཁག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་དང་། སྲིད་ཇུས།བྱེད་ཐབས་བཅས་གསར་གཏོད་བྱེད་དགོས་པ་དང་ལྷག་པར་དུ་ནོར་ཁྲལ་དང་།དངུལ་རྩ།མ་འཇོགའགྲན་རྩོད།ཚོང་དོན།ལས་ཞུགས་སོགས་ཁྱབ་ཁོངས་ཀྱི་གྲུབ་ཆ་སྒྱུར་བཅོས་དང་།སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་དང་སྤྱི་ཚོགས་སྲིད་ཇུས་ཟུང་འབྲེལ་བྱས་ཏེ་རྒྱུ་ནོར་གཏོད་པའི་གསོན་ཤུགས་མཉམ་དུ་འཕེལ་བ་བྱས་ནས་ཁྲོམ་རའི་སྟོབས་ཤུགས་གང་ལེགས་འདོན་སྤེལ་ཐུབ་པ་བྱེད་དགོས།ང་ཚོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ལ་གཙིགས་ཆེན་བྱེད་དགོས།ཀྲུང་གོ་ཕྱོགས་ཀྱིས་གཙོ་གཉེར་བྱས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་འགོ་ཁྲིད་ཀྱི་དངོས་གཞི་མིན་པའི་ཚོགས་འདུ་འཚོགས་རིང་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་དེ་སྲོག་ཤིང་གི་གྲོས་གཞིའི་གྲས་སུ་བརྩིས་ཡོད།ཀྲུང་གོས་རྒྱལ་ཁབ་ཉི་ཤུ་ཚོགས་པས་གོ་ལ་ཧྲིལ་པོའི་རྨང་གཞིའི་སྒྲིག་བཀོད་ལྟེ་གནས་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ།འཛམ་གླིང་དངུལ་ཁང་གིས་གོ་ལ་ཧྲིལ་པོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཐེབས་རྩ་འཛུགས་རྒྱུར་ཡང་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་།དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུ།ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དངུལ་ཁང་།དར་གོས་ལམ་བུའི་ཐེབས་རྩ་སོགས་འཛུགས་པའི་ཐབས་ལམ་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་ལ་ལེགས་སྐྱེས་འབུལ་རྒྱུ་དང་། གཉིས། སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་དགོས།རྒྱལ་ཁབ་ཁག་གིས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་བྱས་ནས་གཉིས་ཕན་གཉིས་ཁེའི་གོ་ལ་ཧྲིལ་པོའི་རིན་ཐང་སྦྲེལ་ཐག་གཏོད་པ་དང་།གོ་ལ་ཧྲིལ་པོའི་ཁྲོམ་ར་ཆེན་པོ་སྐྱེད་སྲིང་།ཚོང་དོན་དང་མ་འཇོག་གི་རང་སྲུང་རིང་ལུགས་ལ་ངོ་རྒོལ་བཅས་བྱས་ནས་ཏོ་ཧའི་རྒྱལ་ཁབ་ཕྱོགས་མང་གི་ཉོ་ཚོང་གྲོས་མོལ་ལ་སྐུལ་འདེད་གཏོང་དགོས་པ། གསུམ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྒྲིག་འཐུས་ཚང་དུ་གཏོང་དགོས།རྒྱལ་ཁབ་ཁག་གིས་དྲང་གཞག་དང་།གཞུང་དྲང་།ཁོག་ཡངས།གོ་རིམ་ལྡན་པ་བཅས་ཀྱི་རྒྱལ་སྤྱིའི་དངུལ་རྩའི་མ་ལག་གཏོད་རྒྱུར་གཞོལ་བ་དང་།གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཁྲོད་ཀྱི་རྒྱལ་ཁབ་ཁག་གི་དབང་ཆ་འདྲ་མཉམ་དང་།གོ་སྐབས་འདྲ་མཉམ།སྒྲིག་སྲོལ་འདྲ་མཉམ་བཅས་ཡོང་རྒྱུ་འགན་ལེན་བྱེད་དགོས།
        ཞིས་ཅིན་ཕིང་གིས་ཀྲུང་གོའི་དཔལ་འབྱོར་འཕར་བ་དེ་ནི་འཛམ་གླིང་དཔལ་འབྱོར་འཕར་རྒྱུའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན།རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཚད་ལེན་ཞིབ་རྩིས་ལྟར་ན་ཀྲུང་གོ་ནི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དཔལ་འབྱོར་ཕྱོགས་ཡོངས་ནས་འཕར་རྒྱུའི་འཐབ་ཇུས་ལ་ལེགས་སྐྱེས་གལ་ཆེན་འབུལ་མཁན་གྱི་གྲས་ཤིག་ཡིན་ཞིང་།ལེགས་སྐྱེས་དེ་ཀྲུང་གོ་རང་ཉིད་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་།གྲུབ་ཆ་ལེགས་སྒྲིགསྒྱུར་བཅོས་ལ་སྐུལ་འདེད།དམངས་འཚོར་ཕན་པ་བཅས་ཀྱི་སྲིད་ཇུས་དང་བྱེད་ཐབས་ལས་བྱུང་བ་ཞིག་ཡིན།ཀྲུང་གོའི་དཔལ་འབྱོར་འཕར་ཤུགས་ཆེ་བ་དང་།རྒྱུན་མཐུད།དོ་སྙོམས་ངང་འཕར་བ་བཅས་ཀྱི་རྣམ་པ་ཐོན་པ་དང་།ལོ་ལྟར་གྱི་འཕར་ཚད་དེ་འབྲིང་རིམ་གྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཅིག་ལེགས་སྐྱེས་ཕུལ་བའི་དཔལ་འབྱོར་གཞི་ཁྱོན་དང་མཚུངས་ཀྱི་ཡོད།ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་དེ་བས་མང་བའི་དགོས་མཁོ་མཁོ་འདོན་བྱ་ཆེད་ཁྲོམ་རའི་གོ་སྐབས་དང་།མ་འཇོག་གི་གོ་སྐབས།དཔལ་འབྱོར་འཕར་བའི་གོ་སྐབས་བཅས་དེ་བས་ལྷག་པ་གཏོད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས་ཀྲུང་གོས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱི་གྲངས་གཞི་ཁྱབ་བསྒྲགས་ཀྱི་དམིགས་བསལ་ཚད་གཞི་དང་ལེན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད།
        མཇུག་ཏུ་ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་ཚོས་ཁེ་ཕན་གྱི་ཐུན་མོང་སྒྲིག་གཞི་དང་ལས་དབང་གི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བཙུགས་ནས་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་བྱེད་རེས་དང་སྤེལ་ཟླ་བྱེད་རེས་ཀྱི་མཉམ་ལས་གཉིས་ཁེའི་རྣམ་པ་ཞིག་ཧུར་ཐག་ཆགས་པ་བྱས་ཏེ་རྒྱལ་ཁབ་ཉི་ཤུ་ཚོགས་པ་འདི་ཉིད་འཛམ་གླིང་དཔལ་འབྱོར་གྱི་བརྟན་ལྷིང་ཡོ་ཆས་དང་།འཛམ་གླིང་དཔལ་འབྱོར་འཕར་བའི་སྐུལ་འདེད་ཡོ་ཆས།འཛམ་གླིང་དཔལ་འབྱོར་བཅོས་སྒྲིག་བྱེད་པའི་སྐུལ་འདེད་ཡོ་ཆས་བཅས་སུ་དངོས་འབྲེལ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
    ༄༅།།ཞིས་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་སུ་ཞུགས་པ་དང་
འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།