འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་ཨ་རིའི་བར་གྱི་
    མཁའ་དབུགས་འགྱུར་ལྡོག་གི་མཉམ་འབྲེལ་གསལ་བསྒྲགས་ལ་གདེང་འཇོག་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་14ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༡༢ཉིན་ཀྲུང་གོ་དང་ཨ་རི་གཉིས་ཀྱིས་༼ཀྲུང་གོ་དང་ཨ་རི་གཉིས་ཀྱི་མཁའ་དབུགས་འགྱུར་ལྡོག་གི་མཉམ་འབྲེལ་གསལ་བསྒྲགས་༽ཞེས་པ་སྤེལ་བ་དང་། དྭངས་གཙང་ནུས་པའི་འབྱུང་ཁུངས་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་སོ་སོའི་དཔོན་མི། ཕྱི་རྒྱལ་གྱི་རིགས་གཅིག་མཁས་པ་བཅས་ཀྱིས་འདིའི་ཐད་ལ་གདེང་འཇོག་ཚད་མཐོ་གནང་ཡོད།
          མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་གསལ་བསྒྲགས་སྤེལ་ཏེ། བྱེད་ཐབས་འདིས་སྤྱི་ལོ་༢༠༡༥ལོའི་ཕ་རི་སིའི་མཁའ་དབུགས་ཚོགས་ཆེན་ཏུ་ཐོག་གྲོས་གཞི་གསར་པ་འགྲུབ་པར་ལེགས་སྐྱེས་ཆེན་པོ་བཞག་སོང་ཞེས་གསུངས་པ་དང་། ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཧྥེ་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་ཡིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། མིག་སྔའི་དུས་བབ་གསར་བའི་འོག མཁའ་དབུགས་འགྱུར་ལྡོག་ལ་བློ་བརྟན་འགྱུར་མེད་ཀྱི་སྤོབས་པ་བཅངས་པ་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། ཕ་རི་སིའི་མཁའ་དབུགས་ཚོགས་ཆེན་ཐོག་འགྱུར་མེད་དང་ཡུན་རིང་གི་མཁའ་དབུགས་འགྱུར་ལྡོག་གི་གྲོས་གཞི་ཞིག་ཆགས་པར་དོན་སྙིང་ཆེན་པོ་ཡོད་པ་རེད་ཞེས་གསུངས་པ་དང་། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ཧྥ་པེ་ཡུག་སི་ཡིས་གསལ་བསྒྲགས་སྤེལ་ཏེ། ཀྲུང་གོ་དང་ཨ་རི་གཉིས་ཀྱི་ཆོད་དོན་འདི་ཡིས་རྒྱལ་ཁབ་ཚང་མ་མཁའ་དབུགས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་དཔུང་སྡེ་ཁྲོད་ཞུགས་རྒྱུར་སྐུལ་སློང་བྱེད་པ་མ་ཟད། མ་འོངས་པའི་མཁའ་དབུགས་འགྱུར་ལྡོག་དང་འབྲེལ་བའི་གྲོས་ཚོགས་ལ་མི་ཚང་མས་ཀྱང་རྣམ་འགྱུར་ཡག་པོ་སྟོན་ངེས་རེད་ཅེས་གསུངས་ཡོད་པ་རེད། ཨོ་སི་ཁྲུ་ལི་ཡའི་ངོ་རྒོལ་ཏང་གི་གཙོ་འཛིན་པེར་ཞོ་ཐིན་གྱིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་གསལ་བསྒྲགས་འདི་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་དང་། འདི་ལས་རྒྱལ་ཁབ་གཉིས་ཀྱིས་མཁའ་དབུགས་འགྱུར་ལྡོག་གི་གནད་དོན་ལ་བཟུང་བའི་རྣམ་འགྱུར་དེ་མངོན་ཡོད་པ་རེད་ཞེས་གསུངས་ཡོད། གསལ་བསྒྲགས་འདི་ཡིས་པུ་ལེ་སི་པན་གྱི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མཐོ་རིམ་གྲོས་ཚོགས་ཐོག་གནད་དོན་འདིར་གླེང་མོལ་བྱེད་པའི་ཐད་སྒུག་ཤུགས་ཆེན་པོ་ཞིག་སྦྱིན་ངེས་རེད།
      

    ཕྱོགས་བསྡུས་གསར་འགྱུར།