མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་
ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་
གཙོ་དོན་གཏམ་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་11ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཞིས་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་
ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་
གཙོ་དོན་གཏམ་བཤད་ཀྱང་གནང་བ།

མི་དམངས་དྲ་བའི་འཕྲིན། 2014ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ཚེས་9ཉིན་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ《རྒྱུན་བསྲིང་འཕེལ་རྒྱས་དོན་གཉེར་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་ཡོང་བ་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གཙོ་དོན་གཏམ་བཤད་གནང་ཞིང་།ཞིས་ཅིན་ཕིང་གིས་དེང་སྐབས་ཀྲུང་གོའི་དཔལ་འབྱོར་ལ་རྣམ་པ་གསར་པ་ཐོན་ཏེ་ཀྲུང་གོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཡོང་རྒྱུ་རེད།ང་ཚོས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་བྱ་གཞག་གཏིང་ཟབ་ཕྱོགས་སུ་སྐུལ་མ་གཏོང་རྒྱུ་དང་ཀྲུང་གོའི་འཕེལ་རྒྱས་ལས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་འཛམ་གླིང་ལ་གོ་སྐབས་དང་ཁེ་ཕན་ཆེན་པོ་ཐོབ་རྒྱུ་རེད།ཀྲུང་གོས་ས་ཁུལ་འདི་གའི་རྒྱལ་ཁབ་ཁག་དང་མཉམ་དུ་ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
    སྔ་དྲོའི་ཆུ་ཚོད་9པ་ཡོལ་ཙམ་ལ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཞིས་ཅིན་ཕིང་ཚོགས་རར་ཕེབས་པ་དང་ཞིས་ཅིན་ཕིང་གིས་གཙོ་དོན་གཏམ་བཤད་གནང་ཞིང་།ཞིས་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དུ་གནའ་བོའི་ཤེས་དཔལ་དང་གསར་དར་སྟོབས་ཤུགས་འདུས་པས་དེ་གའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་བ་དང་འདི་གའི་འབྱུང་འགྱུར་འོད་ཟེར་ལྡན་པ་ཞིག་ཡོད།འཛམ་གླིང་ཆགས་སྟངས་ནང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གནས་བབ་ཇེ་མཐོར་འགྲོ་བ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འཕེལ་རྒྱས་ཀྱི་མདུན་ལམ་དེ་ད་ལྟའི་ཐག་གཅོད་དང་བྱ་སྤྱོད་ལ་ཐུག་ཡོད།ང་ཚོར་ས་ཁུལ་འདི་གའི་མི་དམངས་ལ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཕུགས་འདུན་གཏོད་པ་དང་མངོན་འགྱུར་ཡོང་བ་བྱེད་པའི་འགན་འཁྲི་ཡོད།ཕུགས་འདུན་དེ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཁྱིམ་ཚང་ཆེ་མོའི་སྙིང་སྟོབས་དང་ལས་དབང་གི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་མཐའ་འཁྱོངས་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྲ་རྒྱས་ཡར་རྒྱས་ཡོང་རྒྱུར་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་པ་དང་།དེ་ནི་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་མུ་མཐུད་སྣེ་འདྲེན་བྱས་ནས་མིའི་རིགས་ཀྱི་བདེ་བའི་ཆེད་དུ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པ།དེ་ནི་དཔལ་འབྱོར་དེ་བས་གསོན་ཤུགས་ལྡན་པ་དང་།ཚོང་དོན་དེ་བས་རང་མོས་ཡིན་པ།མ་དངུལ་འཇོག་རྒྱུ་དེ་བས་སྟབས་བདེ་བ།འགྲོ་ལམ་དེ་བས་ཐོགས་པ་མེད་པ།མི་དང་མིའི་དབར་གྱི་འགྲོ་འོང་དེ་བས་ཟབ་པ་བཅས་ཡོང་བ་བྱེད་དགོས་པ།དེ་ནི་མི་དམངས་རྣམས་དེ་བས་བརྟན་ལྷིང་འབྱོར་ཕྱུག་གི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་པ་བཅས་རེད།ང་ཚོས་དམིགས་ཚད་དེ་མངོན་འགྱུར་ཡོང་ཆེད་འབད་བརྩོན་དེ་བས་ཆེ་བ་བྱེད་དགོས།ང་ཚོས་ཕན་ཚུན་ཡིད་ཆེས་དང་།བསྟུན་མཁས།མཉམ་ལས།གཉིས་ཕན་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཛུགས་པ་དང་སྒོ་དབྱེའི་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་རྣམ་པ་ལག་གདང་སྦྲེལ་ནས་བཏོད་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་སྔོག་འདོན་བྱེད་པ་དང་ཁྱོན་ཡོངས་ཕན་ཚུན་འབྲེལ་མཐུད་ཀྱི་འཆར་གཞི་ཞིབ་ཚགས་ངང་འགོད་དགོས་ཞེས་བསྟན་པ་རེད།
    ཞིས་ཅིན་ཕིང་གིས་དེང་སྐབས་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་ཐོན་ཡོད།རྣམ་པ་གསར་པའི་འོག་ཀྲུང་གོའི་དཔལ་འབྱོར་འཕར་རྒྱུ་དེ་བས་བརྟན་དུ་འགྲོ་བ་དང་འཕར་བའི་སྒུལ་ཤུགས་དེ་བས་རྒྱུ་མང་ཅན་དུ་འགྱུར་ཡོད།ཀྲུང་གོའི་དཔལ་འབྱོར་གྱི་གྲུབ་ཆ་བཟང་སྒྲིག་རིམ་སྤོར་བྱུང་ནས་འཕེལ་རྒྱས་ཀྱི་མདུན་ལམ་དེ་བས་བརྟན་པོ་ཡོད།རྣམ་པ་གསར་པ་ལས་ཀྲུང་གོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཡོང་རྒྱུ་རེད།རྣམ་པ་གསར་པ་དང་འཚམས་ཐུབ་མིན་གྱི་འགག་རྩ་དེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་ཐུག་ཡོད།ང་ཚོས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ཁྲོམ་རའི་ནང་ཡོད་པའི་འཕེལ་ཤུགས་འཕེལ་བ་བྱེད་པ་དང་།ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་གསར་གཏོད་བྱེད་པ།ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་དབྱེར་སྐུལ་མ་གཏོང་བ།མི་དམངས་ཀྱི་བདེ་བ་དང་སྤྱི་ཚོགས་དྲང་གཞག་དང་དྲང་བདེན་ལ་སྐུལ་མ་གཏོང་བ་བཅས་བྱེད་དགོས།ང་ཚོས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་དེ་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་གཏོང་བ་ཞིག་ཡིན་ལ་སྤྱི་ཚོགས་ཀྱི་འཕེལ་ཤུགས་བཅིངས་འགྲོལ་གཏོང་བ་ཞིག་ཀྱང་ཡིན་པས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་སྒུལ་ཤུགས་ཆེ་མོ་ཞིག་ཏུ་འགྱུར་ངེས་རེད་ཅེས་ནན་བཤད་གནང་བ་རེད།
    ཞིས་ཅིན་ཕིང་གིས་ཀྲུང་གོའི་དཔལ་འབྱོར་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་འཛམ་གླིང་གི་དཔལ་འབྱོར་དང་ཕན་ཚུན་འབྲེལ་བ་ཡོད་པ་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་རེད།ཀྲུང་གོས་སེམས་ནུས་གཅིག་སྡུད་ཐོག་རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་རྒྱུ་མ་ཟད་རང་ངོས་འཕེལ་རྒྱས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་འཛམ་གླིང་ལ་ཕན་པ་དེ་བས་འདོགས་རྒྱུའི་འབད་བརྩོན་ཡང་བྱེད་དགོས།ཀྲུང་གོའི་འཕེལ་རྒྱས་ལས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་འཛམ་གླིང་ལ་གོ་སྐབས་དང་ཁེ་ཕན་ཆེ་མོ་ཡོང་རྒྱུ་ཡིན་པ་དང་ཚོང་དོན་གྱི་གོ་སྐབས་ནི་རྒྱུན་སྲིང་དང་ཚད་མེད་ཅིག་རེད།ཕྱོགས་བསྡུས་རྒྱལ་སྟོབས་ཇེ་ཆེར་འགྲོ་བ་དང་ཆབས་ཅིག་ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་གོ་ལ་ཧྲིལ་པོར་སྤྱི་སྤྱོད་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱེད་ནུས་དང་བྱེད་འདོད་ཀྱང་ཡོད།ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ“ཁུལ་གཅིག་ལམ་གཅིག”འཛུགས་སྐྱོང་ལ་སྐུལ་མ་དང་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གང་མྱུར་གཉེར་སྐྱོང་བྱ་རྒྱུར་སྐུལ་མ་བཏང་ནས་ས་ཁོངས་མཉམ་ལས་ཀྱི་འཕེལ་རིམ་ནང་ཞུགས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཕན་ཚུན་འབྲེལ་མཐུད་དང་འཕེལ་རྒྱས་གྲ་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན།ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་བཟོ་ཚོང་ལས་རིགས་ཀྱི་མི་སྣ་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་ཀྲུང་གོའི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་མཉམ་དུ་ལོངས་སུ་སྤྱོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་པ་རེད།
    མཇུག་ཏུ་ཞིས་ཅིན་ཕིང་གིས་མ་འོངས་པར་རྒྱང་ལྟ་བྱེད་སྐབས་འཛམ་གླིང་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འཕེལ་རྒྱས་དར་རྒྱས་ལ་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་གོ་སྐབས་འཕྲད་རྒྱུ་ཡིན་ལ་དེ་བས་རྙོག་འཛིང་ཆེ་བའི་ཉེན་ཁ་དང་འགྲན་སློང་ཡང་འཕྲད་རྒྱུ་རེད།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཕྱོགས་ཁག་གིས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་མ་འོངས་ལ་ཕྱོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རོགས་ཟླའི་འབྲེལ་བ་ལག་གདང་སྦྲེལ་ནས་བཙུགས་ཏེ་ས་ཁོངས་མཉམ་ལས་ཐད་ཕན་ཚུན་རོགས་རམ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་མཛུབ་སྟོན་གནང་བ་རེད།