འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་ཙུང་ཐུང་ཨའོ་པ་མ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་
    ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་༢༢པར་
    ཞུགས་རྒྱུ་མ་ཟད་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཡང་གནང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་10ཉིན། 17:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨ་རིའི་ཙུང་ཐུང་ཨའོ་པ་མ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་
ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་༢༢པར་
ཞུགས་རྒྱུ་མ་ཟད་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཡང་གནང་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གདན་ཞུ་གནང་བ་ལྟར་ཨ་རིའི་ཙུང་ཐུང་པེ་ལ་ཁེ•ཨའོ་པ་མ་ཀྲུང་གོར་ཕེབས་ཏེ་ཟླ་༡༡ཚེས་༡༠ཉིན་ནས་ཚེས་༡༢ཉིན་བར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཉིས་པར་ཞུགས་རྒྱུ་མ་ཟད་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་ཡང་གནང་རྒྱུ་རེད། འདི་ནི་ཨའོ་པ་མས་སྤྱི་ལོ་༢༠༠༩ལོར་ཀྲུང་གོར་འཚམས་འདྲི་གནང་བ་རྗེས་ཀྱི་འཚམས་འདྲི་ཐེངས་གཉིས་པ་རེད།
         ཨའོ་པ་མ་ནི་སྤྱི་ལོ་༡༩༦༡ལོར་ཨ་རིའི་ཞ་ཝེ་དབྱི་ཀྲོའུ་ཐན་ཞང་ཧྲན་གྲོང་ཁྱེར་དུ་སྐྱེས་པ་དང་། ཆུང་དུས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཡ་ཅ་ཏ་རུ་འཚོ་གནས་གནང་མྱོང་ཡོད། སློབ་འབྲིང་ནས་ཐོན་རྗེས་ཅ་ལི་ཧྥུ་ཉི་ཡ་ཀྲོའུ་ནུབ་ཕྱོགས་རིག་གནས་དང་རང་བྱུང་ཚན་རིག་སློབ་གླིང་དུ་སློབ་སྦྱོང་བྱས་ཤིང་། ལོ་གཉིས་ཀྱི་རྗེས་སུ་ཀོ་ལུན་པི་ཡ་སློབ་ཆེན་དུ་སློབ་བསྒྱུར་བྱས་པ་མ་ཟད། སློབ་ཆེན་འདིའི་རྒྱལ་སྤྱིའི་འབྲེལ་བ་ཆེད་ལས་ཀྱི་སློབ་རམས་པའི་སློབ་གནས་ཐོབ་པ་རེད། སྤྱི་ལོ་༡༩༨༨ལོར་ཧ་ཧྥོ་སློབ་ཆེན་གྱི་ཁྲིམས་རིག་སློབ་གླིང་དུ་སློབ་སྦྱོང་བྱས་ནས་ཁྲིམས་ལུགས་ཆེད་ལས་ཀྱི་འབུམ་རམས་པའི་སློབ་གནས་ཐོབ། སློབ་ཆེན་ནས་ཐོན་རྗེས་སྐབས་ཤིག་རིང་ཀྲི་ཅ་ཀོ་གྲོང་ཁྱེར་གྱི་ཁྲིམས་རྩོད་པའི་ལས་གཉེར་ཁང་ཞིག་ཏུ་ལས་ཀ་བྱེད་མྱོང་བ་དང་། རྗེས་སུ་ཀྲི་ཅ་ཀོ་སློབ་ཆེན་དུ་སློབ་ཁྲིད་ཀྱི་ལས་ཀ་བྱས་པ་རེད།
         ཨའོ་པ་མ་ནི་ཨ་རིའི་དམངས་གཙོའི་ཏང་མི་ཡིན་པ་དང་། སྤྱི་ལོ་༡༩༩༦དང་། ༡༩༩༨ལོ། ༢༠༠༢ལོ་བཅས་སྔ་རྗེས་སུ་དབྱི་ལི་ནོ་དབྱི་ཀྲོའུ་ཡི་གྲོས་ཁང་གོང་མའི་གྲོས་མིར་བདམས་ཐོན་ཐེངས་གསུམ་བྱུང་བ་དང་། སྤྱི་ལོ་༢༠༠༤ལོར་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཁང་གོང་མའི་གྲོས་མིར་བདམས་ཐོན་བྱུང་། སྤྱི་ལོ་༢༠༠༨ལོར་ཨ་རིའི་ཙུང་ཐུང་ཞེ་བཞི་པར་བདམས་ཐོན་བྱུང་བ་དང་། ༢༠༠༩ལོའི་ཟླ་༡པོའི་ཚེས་༢༠ཉིན་དངོས་སུ་སྲིད་འགན་བཞེས། སྤྱི་ལོ་༢༠༡༢ལོའི་ཟླ་༡༢པའི་འདེམས་བསྐོ་ཆེན་པོ་བྱེད་སྐབས་རྒྱལ་ཁ་ཐོབ་ནས་ཙུང་ཐུང་གི་འགན་བསྟུད་མར་བཞེས་ཤིང་། སྤྱི་ལོ་༢༠༡༣ལོའི་ཟླ་༡ཚེས་༢༠ཉིན་དམ་བཅའ་བཞག་ནས་སྲིད་འགན་དངོས་སུ་བཞེས་པ་རེད། ཁོང་གི་ལྩམ་སྨི་ཞེར་ནི་ཧ་ཧྥོ་སློབ་ཆེན་དུ་སློབ་སྦྱོང་བྱེད་སྐབས་ཀྱི་སློབ་གྲོགས་ཡིན་པ་དང་། ཁོང་རྣམ་གཉིས་ལ་ཕྲུ་གུ་བུ་མོ་གཉིས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།