འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་ཆུང་སློབ་ཁྲིད་ནང་གི“ཚན་རིག”བསླབ་གཞིའི་སློབ་ཁྲིད་ཐད་བཏོན་པའི་དོགས་སློང་།

    འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་སློབ་ཆུང། རྒྱ་གོ་ཚེ་རིང་ནས།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་07ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཉེ་ལམ་གྱི་བགྲང་བྱ་འགའ་ཞིག་ཏུ་སློབ་ཆུང་སློབ་ཁྲིད་ནང་བསླབ་གཞི་སྒྱུར་བཅོས་ཀྱི་རྦ་ཀློང་ཁྲོད་སྔར་ན་མེད་པའི་གྲུབ་འབྲས་བཏོད་དང་གཏོད་མུས་ཡིན་ལ། བསླབ་གཞིའི་ནང་དོན་ཐད་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་སྐབས་དང་བསྟུན་ནས་བསླབ་གཞིའི་གྲུབ་ཆ་དང་། ནང་དོན། དགོས་པ། དོན་སྙིང་ལའང་རིམ་བཞིན་སྒྱུར་བཅོས་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་དང་འགྲོ་བཞིན་ཡོད།
         དེ་ཡང་བསླབ་གཞིའི་རྩ་བའི་རེ་བ་དང་དམིགས་ཡུལ་ལས་འགན་རྣམས་བདེ་བླག་ངང་བསྒྲུབ་ཕྱིར། གོང་རིམ་སྲིད་འཛིན་སྡེ་ཚན་དང་སློབ་གྲྭ སློབ་དཔྱོད་ཁང་སོགས་རིམ་པ་ཁག་གིས་རང་ཉིད་ཀྱི་འཆར་གཞི་འགོད་པ་དང་། དེ་ལྟ་བུའི་འཆར་གཞི་ལྟར་སློབ་ཁྲིད་ལས་འགན་ལེགས་གྲུབ་ཡོང་རྒྱུར་སློབ་ཁྲིད་བཤད་སྟེགས་ཐོག་གི་དགེ་རྒན་ལས་ཐོག་དང་པོ་བས་སློབ་ཕྲུག་གི་ལོ་ནའི་ཁྱད་ཆོས་དང་མཐུན་ཞིང་། བྱང་ཚད་སློབ་གསོའི་བླང་བྱ་གཞིར་བཞག་ནས་རང་སོ་སོའི་བསླབ་གཞིའི་སློབ་ཁྲིད་ཀྱི་ལས་འགན་དུས་ཐོག་ཏུ་བསྒྲུབ་རྒྱུར་འབད་བརྩོན་བྱས་དང་བྱེད་བཞིན་ཡོད། འོན་ཀྱང་སློབ་ཆུང་སློབ་ཁྲིད་ཁྲོད“ཚན་རིག་བསླབ་གཞི”སློབ་ཁྲིད་ལ་ཧོལ་རྒྱུགས་ཧ་ཅང་ཆེ་བ་སྟེ། བསླབ་གཞི་དེ་སློབ་ཁྲིད་བྱེད་མཁན་ལ་རེ་བ་ནན་པོ་འདོན་རྒྱུ་ལྟ་ཞོག་སློབ་ཁྲིད་ཀྱི་ཆུ་ཚད་དམན་པ་སོགས་ལ་མི་ལྟ་བར་སུ་དང་སུས་ཁྲིད་ན་ཆོག་པའི་སློབ་ཚན་ཞིག་ཏུ་ངོས་འཛིན་ཀྱི་ཡོད། དེར་བརྟེན་གོང་རིམ་བསླབ་གཞི་རྩོམ་སྒྱུར་ཚན་པས་བསླབ་གཞི་དེའི་ནང་དོན་ཇི་ལྟར་ལེགས་པོ་ཞིག་རྩོམ་སྒྲིག་བྱས་ཡོད་ན་ཡང་ལོ་ཆུང་སློབ་མའི་སེམས་ཁམས་ནང་སློབ་གཞི་འདིའི་དགོས་པ་མི་རྟོགས་པ་དང་། སྦྱོང་སེམས་ལྷོད་པ། ཤུགས་རྐྱེན་དམན་པ། སྒུལ་ཤུགས་མེད་པ་བཅས་ཀྱི་གནས་ཚུལ་ཐོན་གྱི་ཡོད།
         དོན་དངོས་ཐོག་ད་ལྟའི་སྤྱི་ཚོགས་ཁོར་ཡུག་ཧྲིལ་པོ་ཚན་རིག་འཕེལ་རྒྱས་མྱུར་པོ་འགྲོ་བའི་དུས་མཚམས་སུ་སླེབས་ཡོད་པ་དང་། ཚན་རིག་དང་། ཆ་འཕྲིན། འཚོ་བ་བཅས་ཁ་བྲལ་ཐབས་གཏན་ནས་མེད་པ་ཞིག་ཆགས་ཡོད་པས། སློབ་ཆུང་སློབ་ཁྲིད་ཁྲོད“ཚན་རིག”བསླབ་གཞིའི་སློབ་ཁྲིད་ཐད་ཤུགས་སྣོན་རྒྱག་དགོས་ཚུལ་ལ་རང་ངོས་ཀྱི་དོགས་སློང་འགའ་བརྗོད་པར་བྱ་སྟེ།
         དང་པོ། “ཚན་རིག”བསླབ་གཞི་འདི་སློབ་ཆུང་སློབ་མའི་བསམ་བློར་ཚན་རིག་ཤེས་བྱའི་འདུ་ཤེས་མེད་པ་ནས་ཡོད་པ། ཡོད་པ་ནས་གཏིང་ཟབ་ཏུ་འགྲོ་ཕྱིར་སློབ་མའི་སེམས་ཁམས་དང་མཐུན་པའི་ཆེད་དུ་བཀོད་སྒྲིག་བྱས་པའི་བསླབ་གཞི་ཞིག་ཡིན་སྟབས་སློབ་གྲྭའི་སློབ་དོན་ཁྲུའུ་དང་སློབ་དཔྱོད་ཁང་ནས་བསླབ་གཞི་འདི་སློབ་ཁྲིད་བྱེད་མཁན་དགེ་རྒན་རང་དགར་ཞིག་བཀོད་སྒྲིག་མི་བྱ་བར་ངེས་པར་དུ་ཚན་རིག་གི་འདུ་ཤེས་ཟབ་པ་དང་། ཚན་རིག་གི་ཤེས་བྱར་དགའ་བ། ཚན་རིག་གི་ཤེས་བྱ་ཅུང་ཤེས་པའི་དགེ་རྒན་བཀོད་སྒྲིག་བྱེད་དགོས།
         གཉིས་པ། “ཚན་རིག”བསླབ་གཞི་སློབ་ཁྲིད་བྱེད་མཁན་དེ་སྤྱིར་ན་ཆེད་ལས་ཅན་དུ་འགྱུར་བ་བྱ་དགོས། དེ་ཡང་གོང་རིམ་སྲིད་འཛིན་སྡེ་ཚན་ནམ་སློབ་གྲྭ་ནས་ངེས་པར་དུ“ཚན་རིག”བསླབ་གཞི་སློབ་ཁྲིད་བྱེད་མཁན་ལ་མཐོང་ཆེན་གྱིས་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། མ་གཞི་སྡེ་ཚན་ནམ་སློབ་གྲྭ་ཁག་གཅིག་གིས་བསླབ་གཞི་དེ་སློབ་ཁྲིད་བྱེད་པའི་མཐུན་རྐྱེན་བསྒྲུབ་ཕྱིར་དགེ་རྒན་ལ་ལ་ཆེད་མངགས་ཟབ་སྦྱོང་ལ་གཏོང་དང་གཏོང་བཞིན་ཡོད་མོད། ཟབ་སྦྱོང་ཚར་རྗེས་བསླབ་གཞི་དེ་བཀོད་སྒྲིག་འཚམ་པོ་ཞིག་མི་བྱེད་པ་མ་ཟད། ཐ་ན་བསླབ་གཞི་དེའི་སློབ་ཚན་ལ་རིག་ཚན་གཞན་དག་བཀོད་སྒྲིག་བྱེད་པ་སོགས་ཀྱི་སྣང་ཚུལ་ནི་ཆེས་རྒྱུན་གཏན་ཞིག་ཡིན་པས། དེ་ལྟ་བུའི་བསླབ་གཞི་བཀོད་སྒྲིག་བྱེད་སྟངས་དེས“ཚན་རིག”བསླབ་གཞི་སློབ་ཁྲིད་ལེགས་པོ་ཞིག་བྱེད་པར་འགོག་རྐྱེན་ཆེན་པོ་བཟོས་ཡོད།
         གསུམ་པ། “ཚན་རིག”ནི་འཛམ་གླིང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་དེ་ཡིིན་ལ། ཡང་སྒོས་རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་འཕེལ་རྒྱས་འགྲོ་མིན་དང་འཕེལ་རྒྱས་མྱུར་པོ་དང་བཟང་པོ་འགྲོ་མིན་དང་ཐད་ཀའི་འབྲེལ་བ་ཡོད་ཅིང་། རང་ཅག་བོད་ཁ་བ་ཅན་ལ་སྲོན་རྒྱུན་གྱི་འདུ་ཤེས་འགའི་དབང་གིས་བོད་ཀྱི་འཕེལ་རྒྱས་ཧྲིལ་པོར་ཡང་ཤུགས་རྐྱེན་དང་འགོག་རྐྱེན་མང་པོ་ཕྲད་དང་འཕྲད་བཞིན་པར་བལྟས་ན། ད་ལྟ་ང་ཚོས“ཚན་རིག”བསླབ་གཞིར་སྔར་བས་མཐོང་ཆེན་གྱིས་ལོ་ཆུང་བྱིས་པ་ཡན་ནས་ཚན་རིག་གི་ལྟ་བ་ཆགས་པ་བྱ་དགོས་པ་ནི་ད་ལྟ་ཙམ་མ་ཟད་འབྱུང་འགྱུར་བོད་ཀྱི་སྤྱི་ཚོགས་དར་རྒུད་དང་འབྲེལ་བ་ཧ་ཅང་ཆེ་བར་བརྟེན་སློབ་གྲྭ་ཁག་ནས་ཚན་རིག་བསླབ་གཞིའི་སློབ་ཁྲིད་ལ་ངེས་པར་དུ་མཐོང་ཆེན་བྱ་དགོས་པ་དང་། བསླབ་གཞི་དེའི་སློབ་ཁྲིད་པའི་བྱང་ཚད་མཐོར་འདེགས་ཡོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད། བསླབ་གཞི་གཞན་དང་འདྲ་བར་ངེས་པར་དུ་ཆེད་ལས་ཅན་གྱི་སློབ་ཁྲིད་པ་བཀོད་སྒྲིག་བྱས་ན“ཚན་རིག”བསླབ་གཞིའི་སློབ་ཁྲིད་ལ་མི་དམན་པའི་གྲུབ་འབྲས་ཐོབ་རྒྱུ་གདོན་མི་ཟ་སྙམ་མོ།
      

    ཕྱོགས་བསྡུས་གསར་འགྱུར།