འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཀྱི་ཚོགས་
    ཆེན་ལྷ་ས་གྲོང་ཁྱེར་དུ་འཚོགས་པ།

    བློ་བཟང་རྒྱལ་མཚན་དང་ཝང་གོ་ཆང་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་06ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༣ཉིན་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཚོགས་ཆེན་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་འདུའི་ཐོག་རྨང་གཞི་བརྟན་གཏོང་དང་ཁྱབ་གདལ་ལ་མཐོང་ཆེན། ཐོན་ལས་ཤུགས་ཆེར་གཏོང་བ་དང་དམངས་འཚོར་ཕན་པ། ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཤུགས་བརྒྱབ་སྟེ་བསམ་ཕྱོགས་ཆེན་པོ་དང་། འཐབ་ཇུས་ཆེན་པོ། ཆོད་སེམས་ཆེན་པོ་བཅས་ཀྱི་ཐོག་ནས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱས་པ་རེད།
         བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་གོ་ཆང་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         ཚོགས་འདུའི་ཐོག་སྐབས་གཉིས་པའི“རྒྱལ་ཁབ་ཀྱི་སྨན་པ་ཆེ་མོའི”མཚན་སྙན་ཐོབ་པའི་བོད་རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་དགྲ་འདུལ་ལ་གཟེངས་བསྟོད་བྱས་པ་དང་བློ་བཟང་རྒྱལ་མཚན་གྱིས་བྱ་དགའ་གནང་བ་རེད། བཀྲ་རྒྱལ་སོགས་བོད་ལུགས་སྨན་པ་20ལ“བོད་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་བོད་ལུགས་སྨན་པའི”གཟི་བརྗིད་མཚན་སྙན་སྤྲད་པ་དང་ཚོགས་ཞུགས་འགོ་ཁྲིད་ཀྱིས་བྱ་དགའ་ཐོབ་མཁན་འཐུས་མིར་བྱ་དགའ་སྤྲད། དེ་རྗེས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས་ཀྱིས་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་དང་བོད་སྐྱོར་ལས་དོན་གྱི་གྲོས་མཐུན་བཞག་པ་རེད།
         བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་སྐབས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས“རྒྱལ་ཁབ་ཀྱི་སྨན་པ་ཆེ་མོ”དང“བོད་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་བོད་ལུགས་སྨན་པའི”གཟི་བརྗིད་མཚན་སྙན་ཐོབ་པའི་རིགས་གཅིག་མཁས་ཅན་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་དང་། ཁོང་གིས་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན། རང་ལྗོངས་ཀྱི་རྒྱ་ཆེའི་བོད་ལུགས་གསོ་རིག་དང་བོད་སྨན་ལས་དོན་མི་སྣའི་འབད་བརྩོན་ལྷོད་མེད་བཅས་ཀྱི་འོག་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་དུས་བསྟུན་འཕེལ་རྒྱས་ཀྱིས་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་རྒྱུན་སྲིང་དང་། སྐྱོན་བྲལ། མགྱོགས་མྱུར་བཅས་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་ཞིག་རྒྱུན་འཁྱོངས་ཐུབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་འགན་ལེན་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། མིག་སྔར་རང་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་ཐད་འཕེལ་རྒྱས་ཀྱི་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་པ་དང་། རེ་བ་དང་དཀའ་ངལ་མཉམ་དུ་འཕྲད་མོད། འོན་ཀྱང་གོ་སྐབས་དེ་འགྲན་སློང་ལས་ཆེ་བ་དང་རེ་བ་དེ་དཀའ་ངལ་ལས་ཆེ་བ་ཡོད་པས་སྲིད་ཇུས་ཀྱི་སྟོན་ཕྱོགས་དང་། སྒྱུར་བཅོས་ཀྱི་ཁེ་ཕན། ཁྲོམ་རའི་དགོས་མཁོ་བཅས་ཀྱིས་རང་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་མཁོ་འདོན་བྱས་པ་དང་། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་མདུན་ལམ་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་གསུངས་པ་རེད།
         བློ་བཟང་རྒྱལ་མཚན་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་ནི་རང་ལྗོངས་ཀྱི་གཞི་རྩའི་སྨན་བཅོས་ཐོན་ཁུངས་གལ་ཆེན་དང་། ཁྱད་ལྡན་དཔལ་འབྱོར་ཐོན་ཁུངས་གལ་ཆེན། གསར་གཏོད་ཚན་རྩལ་གྱི་ཐོན་ཁུངས་གལ་ཆེན། ཕུལ་བྱུང་རིག་གནས་ཐོན་ཁུངས་གལ་ཆེན། ས་མཐོའི་སྣོད་བཅུད་ཐོན་ཁུངས་གལ་ཆེན་བཅས་ཡིན་པས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་གཏོང་བའི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ལ་བརྩིས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་རིམ་ཁག་བོད་ལུགས་གསོ་རིག་དང་བོད་སྨན་ཞབས་ཞུའི་མ་ལག་འཛུགས་པ་དང་། གྲུབ་ཆ་སྣ་མང་དང་ཞིབ་འཇུག་དང་། ཐོན་སྐྱེད། ཕྱིར་ཚོང་བཅས་གཞི་གཅིག་ཏུ་བྱེད་པའི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱི་དཔེ་དབྱིབས་གཏོད་པ། མང་ཚོགས་དང་ཁྲོམ་རའི་དགོས་མཁོ་དང་མཐུན་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་གཏོད་པ་བཅས་ཀྱི་དམིགས་ཚད་ཆེན་པོ་གསུམ་ལ་དམ་པོར་དམིགས་ནས་མཐོ་རིམ་ཇུས་འགོད་དང་སྤྱི་འདོམས་ཇུས་འགོད་དང་། མཐུན་སྦྱོར་གཞོགས་འདེགས་དང་ཕྱོགས་མང་མཉམ་འགུལ། གཙོ་གནད་ཚད་བརྒལ་དང་སྤྱི་ཡོངས་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གི་རྣམ་པ་གསར་པ་གཏོད་པ་དང་སླར་ཡང་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཕ་ཡུལ་དེ་མིང་དོན་མཚུངས་པ་ཞིག་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུས་ལྗོངས་ཡོངས་དང་ཐ་ན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ཕན་པ་ཐོབ་ཐུབ་པ་བྱེད་དགོས། གཅིག་ནས་དམངས་འཚོའི་རྩ་བ་དེ་དམ་པོར་འཛིན་ཏེ་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྫོང་དང་། ཤང་། གྲོང་ཚོ་བཅས་ཚང་མར་བོད་ལུགས་གསོ་རིག་དང་བོད་སྨན་ཞབས་ཞུ་ཡོངས་ཁྱབ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་བོད་ལུགས་གསོ་རིག་དང་བོད་སྨན་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་རྨང་གཞི་དེར་དམ་འཛིན་བྱས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། གསུམ་ནས་ཚན་རིག་ཞིབ་འཇུག་གི་འགག་རྩ་དེར་དམ་འཛིན་བྱས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་གསར་གཏོད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། བཞི་ནས་ཁྲོམ་རའི་འགུལ་ཤུགས་དེ་དམ་འཛིན་བྱས་ཏེ་བོད་སྨན་ཐོན་ལས་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། ལྔ་ནས་རིག་གནས་ཀྱི་དོན་སྙིང་དེ་དམ་འཛིན་བྱས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། དྲུག་ནས་འགན་ལེན་གྱི་ལྷུ་ཚིགས་དེ་དམ་འཛིན་བྱས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་དང་གསར་གཏོད་བྱ་རྒྱུར་ཁོར་ཡུག་བཟང་པོ་སྐྲུན་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
         ཝང་གོ་ཆང་གིས་ཉེ་བའི་ལོ་ཤས་རིང་བོད་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་སྲིད་ཇུས་བྱེད་ཐབས་སྔར་བས་ནུས་ལྡན་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་ཕན་འབྲས་སྔར་བས་མངོན་གསལ་དོད་པ། རྒྱུན་འཛིན་གསར་གཏོད་ནུས་པ་སྔར་བས་ཆེ་རུ་སོང་བ། ཐོན་ལས་འཕེལ་ཕྱོགས་སྔར་བས་མྱུར་ལ་ཤུགས་ཆེ་བ། རིག་གནས་ཐོན་ལས་སྔར་བས་མངོན་གསལ་དོད་པ། ཕྱི་ཕྱོགས་དང་སྤེལ་རེས་སྔར་བས་བྱེད་མང་བ་བཅས་བྱུང་ནས་སྨན་བཅོས་དང་། འཕྲོད་སྦྱོར། ཚན་རིག་ཞིབ་འཇུག སློབ་གསོ། ཐོན་ལས། རིག་གནས། ཕྱི་ཕྱོགས་སྤེལ་རེས་དང་མཉམ་ལས་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཞིག་རགས་ཙམ་ཆགས་ཐོག་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་འཕྲད་ཡོད་ཅེས་བསྟན་གནང་བ་རེད།
         ཝང་གོ་ཆང་གིས་བོད་ལུགས་གསོ་རིག་དང་བོད་སྨན་དེ་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ནང་བཅུག་ནས་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་སྨན་བཅོས་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་དང་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཐོག་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་དར་སྤེལ་ཤུགས་ཆེན་བཏང་ནས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རེ་ཡོད། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ་མ་དངུལ་དང་། རྣམ་གྲངས། སྲིད་ཇུས། ཤེས་ལྡན་མི་སྣ་སོགས་ཐད་གཟིགས་སྐྱོང་ཆེན་པོ་བྱས་ཏེ་བོད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི“རྟེན་གཞི་གཅིག་དང་ལྟེ་གནས་གཉིས”འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་བོད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད་ཅེས་བསྟན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།