མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

༄༅།།བློ་བཟང་རྒྱལ་མཚན་གྱིས་ནེ་པ་ལའི་བོད་རིགས་སྤུན་ཟླར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་04ཉིན། 09:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།བློ་བཟང་རྒྱལ་མཚན་གྱིས་ནེ་པ་ལའི་བོད་རིགས་སྤུན་ཟླར་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། བོད་རིགས་སྤུན་ཟླ་ཁྲི་༢༠ཚུད་པའི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བ་ཁྲི་དྲུག་སྟོང་ཙམ་འཛམ་གླིང་ས་ཕྱོགས་ཁག་ཏུ་འཚོ་གནས་བྱེད་བཞིན་ཡོད། ནེ་པ་ལ་ནི་རང་རྒྱལ་གྱི་བོད་རིགས་སྤུན་ཟླ་ཕྱི་རྒྱལ་དུ་གཅིག་སྡུད་ཁུལ་ཆེ་ཤོས་གཉིས་པ་དེ་ཡིན་པ་དང་། དེ་གར་བོད་རིགས་སྤུན་ཟླ་ཁྲི་༤ཙམ་ཡོད། ནེ་པ་ལར་འཚམས་འདྲི་གནང་རིང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཕྱི་རྒྱལ་དུ་བཞུགས་པའི་བོད་རིགས་སྤུན་ཟླར་ཐུགས་ཁུར་ཆེན་པོ་གནང་ཞིང་། ས་གནས་དེ་གའི་དུས་ཚོད་ཟླ་༡༠ཚེས་༢༨ཉིན་གྱི་ཕྱི་དྲོ་བློ་བཟང་རྒྱལ་མཚན་གྱིས་ཆེད་མངགས་ནེ་པ་ལར་ཡོད་པའི་བོད་རིགས་སྤུན་ཟླར་མཇལ་འཕྲད་གནང་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་༣༠༠ཡི་ཚབ་ཞུས་ནས་མཇལ་འཕྲད་ནང་ཞུགས་མཁན་བོད་རིགས་སྤུན་ཟླ་དང་ནེ་པ་ལ་དང་དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་མཛའ་གྲོགས་བོད་རིགས་སྤུན་ཟླ་ཡོངས་ལ་མེས་རྒྱལ་དང་ཕ་ཡུལ་གྱི་ཟོལ་མེད་འཚམས་འདྲི་གནང་བ་རེད།
     ཀ་ཏ་མན་རྡུ་སུར་ཏེ་གསོལ་མགྲོན་ཁང་མཇལ་འཕྲད་ཚོམས་ཆེན་ནང་གཉེན་ཉེ་སྤུན་གྲོགས་འཕྲད་པ་བཞིན་དགའ་སྤྲོའི་རྣམ་པས་ཁེངས་ཡོད་ཅིང་། བསམ་གླིང་རུམ་འཐག་ཀུང་སིའི་ཏུང་ཧྲི་ཀྲང་ཚེ་བརྟན་འཇིགས་མེད་དང་། གསེར་བྱེས་གྲྭ་ཚང་གི་མཁན་པོ་བྱམས་པ་བརྩོན་འགྲུས། སེམས་མཐུན་ཕན་བདེ་ཚོགས་པ་དང་ཁ་ཚ་རའི་མཐུན་ཚོགས་སོགས་ནེ་པ་ལར་ཡོད་པའི་བོད་རིགས་སྤུན་ཟླའི་འཐུས་མི་ཚོས་ལག་ཏུ་དཀར་གཙང་མཇལ་དར་འཁྱེར་བཞིན་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་སྐུ་ཚབ་ཚོགས་པ་ཕེབས་སྒུག་ཞུས་པ་དང་། བོད་རིགས་སྤུན་ཟླའི་འཐུས་མི་རྣམས་གཟིགས་མ་ཐག་བློ་བཟང་རྒྱལ་མཚན་གྱིས་མྱུར་དུ་ཁོང་ཚོའི་འཁྲིས་སུ་ཕེབས། བོད་རིགས་སྤུན་ཟླ་ཚོས་སེམས་འགུལ་དང་སྤྲོ་སྣང་ལྡན་པའི་ངང་ཕ་ཡུལ་བོད་ལྗོངས་ནས་ཕེབས་པའི་སྐུ་མགྲོན་ལ་མཇལ་དར་བསྒྲོན། བློ་བཟང་རྒྱལ་མཚན་གྱིས“ཕ་ཡུལ་ག་ནས་ཡིན་ནམ། ཁྱིམ་དུ་ནང་མི་ག་ཚོད་ཡོད། ཕ་ཡུལ་བོད་ལྗོངས་ལ་གཉེན་ཉེ་ཡོད་དམ”ཞེས་བརྩེ་བ་ཟབ་མོའི་ངང་བཀའ་འདྲི་གནང་བ་མ་ཟད། ནེ་པ་ལར་འཚོ་བ་གང་འདྲ་ཡོད་མེད་སྐོར་བཀའ་འདྲི་གནང་། “ཕ་ཡུལ་དུ་ལོག་པ་ཡིན། ཕ་ཡུལ་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བ་མིག་མཐོང་ལག་ཟིན་བྱུང་བས་སེམས་གཏིང་ནས་དགའ་ཚོར་དང་སྤོབས་སེམས་སྐྱེ་གི་འདུག”ཅེས་མཇལ་འཕྲད་ནང་ཞུགས་མཁན་བོད་རིགས་སྤུན་ཟླ་ཚོས་སྤྲོ་བ་རབ་ཏུ་རྒྱས་བཞིན་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ལ་དེ་ལྟར་ཞུས། བློ་བཟང་རྒྱལ་མཚན་གྱིས་ཚང་མ་དང་ཕྱག་བཏང་གནང་བ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་མ་ཟད། ད་དུང་བོད་རིགས་སྤུན་ཟླ་ཚོའི་གཏམ་བཤད་གཟབ་ནན་གྱིས་གསན།
     ཚེ་བརྟན་འཇིགས་མེད་དང་། བྱམས་པ་བརྩོན་འགྲུས། བཀྲ་ཤིས་དཔལ་འབྱོར་སོགས་ནེ་པ་ལར་ཡོད་པའི་བོད་རིགས་སྤུན་ཟླས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་བྱས་ནས་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་སྣེ་ཁྲིད་གནང་བའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་སྐུ་ཚབ་ཚོགས་པས་ནེ་པ་ལར་འཚམས་འདྲི་གནང་བ་དང་འབྲེལ་བོད་རིགས་སྤུན་ཟླར་ཆེད་མངགས་མཇལ་འཕྲད་གནང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་ཞུས། མཇལ་འཕྲད་ནང་ཞུགས་མཁན་བོད་རིགས་སྤུན་ཟླ་ཚོས་ནེ་པ་ལར་འཚོ་བ་སྐྱེལ་སྐབས་ཀྲུང་གོ་དང་ནེ་པ་ལའི་མཛའ་གྲོགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་ཕྱིན་པ་དང་། བོད་ལྗོངས་ས་ཁུལ་དང་ནེ་པ་ལའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། རྒྱལ་ཁབ་གཉིས་པོའི་མཛའ་བཤེས་མཛའ་གྲོགས་མཉམ་ལས་ཀྱིས་ནེ་པ་ལར་ཡོད་པའི་བོད་རིགས་སྤུན་ཟླ་ཚོའི་འཚོ་བ་ལེགས་སུ་ཕྱིན་ཡོད་ཅེས་བརྗོད་པ་དང་། ད་དུང་ཁོང་ཚོས་མེས་རྒྱལ་ཉིན་རེ་བཞིན་སྟོབས་ཆེར་ཕྱིན་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་གང་ཅིའི་ཐད་ཡར་ངོའི་ཟླ་ལྟར་གོང་འཕེལ་འགྲོ་བཞིན་ཡོད་པས་དར་རྒྱས་སྟོབས་འབྱོར་ལྡན་པའི་མེས་རྒྱལ་ནི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བ་རྣམས་ཀྱི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཞིག་ཡིན་པ་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་། མེས་རྒྱལ་དང་བོད་རང་སྐྱོང་ལྗོངས་ཀྱིས་ནེ་པ་ལར་ཡོད་པའི་བོད་རིགས་སྤུན་ཟླར་ཐུགས་ཁུར་དང་རོགས་རམ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་མེས་རྒྱལ་དང་ཕ་ཡུལ་བོད་ལྗོངས་གོང་འཕེལ་དེ་བས་ལེགས་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ང་ཚོས་ནེ་པ་ལར་ཀྲུང་གོ་དང་ནེ་པ་ལའི་མཛའ་གྲོགས་འབྲེལ་བར་གཅེས་འཛིན་དེ་བས་ལེགས་པ་བྱས་ནས་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་གྱིས་མེས་རྒྱལ་དང་ཕ་ཡུལ་བོད་ལྗོངས་གོང་འཕེལ་བརྟན་ལྷིང་དང་ཀྲུང་ནེའི་མཛའ་གྲོགས་འབྲེལ་བ་བརྟན་དུ་གཏོང་ཆེད་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད།
     ཚང་མའི་སེམས་གཏིང་གི་སྐད་ཆ་གསན་རྗེས་བློ་བཟང་རྒྱལ་མཚན་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་ཕྱི་རྒྱལ་དུ་བཞུགས་པའི་བོད་རིགས་སྤུན་ཟླ་ནི་བོད་དུ་ཡོད་པའི་བོད་རིགས་མི་དམངས་དང་འདྲ་བར་རིགས་རྒྱུད་གཅིག་པ་དང་། ཡུལ་སྐད་གཅིག་པ། སྐད་ཡིག་གཅིག་པ་ཡིན། རྒྱ་ཆེའི་རྒྱལ་གཅེས་བོད་རིགས་སྤུན་ཟླ་ཚོས་མེས་རྒྱལ་སེམས་ནང་འཆང་བ་དང་ཕ་ཡུལ་སེམས་སུ་བཅངས་ནས་མེས་རྒྱལ་གྱི་བོད་ལྗོངས་བརྟན་ལྷིང་གོང་འཕེལ་ཡོང་བའི་བརྒྱུད་རིམ་ནང་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ནས་ནེ་པ་ལ་དང་ཀྲུང་གོའི་བོད་ལྗོངས་དབར་གྱི་མཛའ་གྲོགས་འགྲོ་འོང་ཟབ་ཏུ་བཏང་ཡོད། ངས་འདི་གར་སླར་ཡང་ཁྱེད་ཚོ་དང་ཁྱེད་ཚོ་བརྒྱུད་ནས་ཕྱི་རྒྱལ་དུ་བཞུགས་པའི་རྒྱལ་གཅེས་བོད་རིགས་སྤུན་ཟླ་ཡོངས་ལ་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།
     བློ་བཟང་རྒྱལ་མཚན་གྱིས་མིག་སྔར་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་གོང་འོག་ཚང་མས་རྒྱལ་ཁབ་ཕྱུག་པོ་དང་། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ཀྱི“ཀྲུང་གོའི་ཕུགས་འདུན”མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་བཞིན་ཡོད། ཀྲུང་དབྱང་གིས་རྒྱལ་ཁབ་གོང་འཕེལ་དང་བོད་ཀྱི་དོན་དངོས་ནས་འགོ་བཙུགས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་གཏན་འཁེལ་གནང་ཡོད། ད་ཆ་བོད་ལྗོངས་འདི་ཉིད་གོང་འཕེལ་གྱི་གལ་ཆེའི་འཐབ་ཇུས་ཀྱི་གོ་སྐབས་འཕྲད་དུས་སུ་གནས་ཡོད་པས་ཕྱི་རྒྱལ་དུ་བཞུགས་པའི་རྒྱ་ཆེའི་བོད་རིགས་སྤུན་ཟླ་ཚོས་སྔར་བཞིན་བོད་ཀྱི་གོང་འཕེལ་བརྟན་ལྷིང་ལ་དོ་ཁུར་དང་། མེས་རྒྱལ་སྲུང་སྐྱོང་། འབྲེལ་ཟམ་ནུས་པ་འདོན་སྤེལ། སེམས་པ་མེས་རྒྱལ་ལ་ཕྱོགས་པ། བོད་ལ་བརྩེ་སེམས་འཆང་བ་བཅས་ཀྱི་ཐོག་ནས་བོད་ལྗོངས་བརྟན་ལྷིང་གོང་འཕེལ་དང་། ནེ་པ་ལ་དང་བོད་ལྗོངས་དབར་མཉམ་ལས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ནེའི་དབར་གྱི་མཛའ་གྲོགས་འབྲེལ་བ་བརྟན་དུ་གཏོང་ཕྱིར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།