མི་དམངས་དྲ་བ།

༄༅།།རྡོ་ཐོགས་ཀྱིས“ཕོ་ལན་ཁྱིམ་གཞིས”ཀྱི་འཐུས་མི་ཚོགས་པ་དང་བཅས་པར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་03ཉིན། 16:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཉེ་དུས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ནམ་བོད་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་རྡོ་ཐོགས་ཀྱིས་ལྷ་ས་གྲོང་ཁྱེར་དུ“ཕོ་ལན་ཁྱིམ་གཞིས”ཀྱི་ཏུང་ཧྲི་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་མའར་ཆིན·པན་པིན་དང་བཅས་པར་མཇལ་འཕྲད་གནང་བ་རེད།
     རྡོ་ཐོགས་ཀྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་མའར་ཆིན·པན་པིན་དང་བཅས་པ་བོད་དུ་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ལྡན་པ་དང་། བོད་དང་དེ་བཞིན་ཁོང་རང་ཉིད་དང་ཕོ་ལན་དབར་ལས་འབྲེལ་ཟབ་མོ་ཡོད་ཅེས་གསུངས་པ་རེད། རྡོ་ཐོགས་ཀྱིས་འཐུས་མི་ཚོགས་པ་དང་བཅས་པར་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ལྷག་ཙམ་རིང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འབད་བརྩོན་འོག་བོད་ཀྱིས་སྒོ་རྒྱག་དང་། དབུལ་པོ། རྗེས་ལུས་བཅས་ཀྱི་རྣམ་པར་རྦད་དེ་འགྱུར་ལྡོག་བཏང་སྟེ་སྒོ་དབྱེ་དང་། འབྱོར་ཕྱུག ཤེས་དཔལ་བཅས་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་བཞིན་ཡོད་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་ནས་སློབ་གསོ་དང་། སྨན་བཅོས། རིག་གནས་སོགས་སྤྱི་ཚོགས་ཀྱི་བྱ་གཞག་ཁྱོན་ཡོངས་ནས་ཡར་རྒྱས་བྱུང་ཡོད་ཅེས་གསུངས་པ་རེད། “ཕན་ཚུན་རྒྱུས་མངའ་ཡོད་ན་ཉེ་རིང་མེད། ལེ་དབར་སྟོང་གིས་ཆོད་ཀྱང་ཁྱིམ་མཚེས་ཡིན”རྡོ་ཐོགས་ཀྱིས་འཐུས་མི་ཚོགས་པ་དང་བཅས་པས་ད་ཐེངས་ཀྱི་བོད་སྐྱོད་བྱ་སྤྱོད་གོ་སྐབས་སུ་བྱས་ཏེ་བོད་ཀྱི་གནས་ཚུལ་ངོ་མར་ངོས་འཛིན་དང་ཤེས་རྟོགས་སྔར་བས་བྱེད་ཟབ་ཏུ་བཏང་ནས་དམངས་ཁྲོད་འབྲེལ་བའི་འབྲེལ་ཐག་གཏོད་པ་དང་ཀྲུང་གོ་དང་ཕོ་ལན་གྱི་མཛའ་གྲོགས་འབྲེལ་ཟམ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     མའར་ཆིན·པན་པིན་དང་བཅས་པས་རང་ལྗོངས་ཀྱིས་སྤྲོ་སེམས་འཁོལ་བའི་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་2012ལོར་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང“ཕོ་ལན་ཁྱིམ་གཞིས”ཀྱིས་ཧྭ་ཧྲ་རུ“ཕོ་ལན·ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར”གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། “ཕོ་ལན་ཁྱིམ་གཞིས”ཀྱིས་ད་དུང“ཡིད་དབང་འཕྲོག་པའི་བོད་ལྗོངས”ཞེས་པའི་དྲ་ཚིགས་ཆེད་མངགས་བཙུགས་ཏེ་རིག་གནས་གཟའ་འཁོར་དང་བོད་ཀྱི་འབྲེལ་ཡོད་གནས་ཚུལ་ཁྱོན་ཡོངས་ནས་ངོ་སྤྲོད་བྱས་ཡོད། རིག་གནས་གཟའ་འཁོར་གཉེར་བས་ཕོ་ལན་མི་དམངས་ཀྱིས་བོད་ཤེས་རྟོགས་རགས་ཙམ་བྱུང་ཡོད། ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པ་ལྟར། ད་ཐེངས་བོད་དུ་ཡོང་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་པ་དང་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་དང་ལྷག་པར་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཧ་ཅང་ཡག་པོ་བྱས་པ་དངོས་སུ་མཐོང་བྱུང་། སྔར་ཡོད་ཆ་རྐྱེན་གྱི་ཚོད་འཛིན་འདི་ལྟར་གྱི་གནས་ཚུལ་འོག་བོད་ཀྱིས་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་ཡག་པོ་བྱས་པ་དེ་ཕོ་ལན་གྱིས་དཔྱད་གཞིའི་མེ་ལོང་དུ་འཛིན་རིན་ཡོད་ཅེས་བརྗོད་པ་རེད། མའར་ཆིན·པན་པིན་དང་བཅས་པས་ད་དུང་བོད་ལུགས་གསོ་རིག་དང་བོད་སྨན་ལ་ལོ་རྒྱུས་ཡུན་རིང་ལྡན་པས་བོད་ཀྱི་སྨན་བཅོས་སྒྲིག་གཞི་ཁག་གཅིག་དང་མཉམ་ལས་དེ་བས་ལེགས་པ་བྱ་རྒྱུའི་རེ་བ་ཡོད། ཕོ་ལན་དུ་ལོག་རྗེས་བོད་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་འདོད་ཡོད་པའི་ཕོ་ལན་བ་དེ་བས་མང་བར་བོད་ཀྱི་གནས་ཚུལ་ངོ་མ་ངོ་སྤྲོད་བྱེད་སྲིད་ཅེས་བརྗོད་པ་རེད།