མི་དམངས་དྲ་བ།

༄༅།།བློ་བཟང་རྒྱལ་མཚན་གྱིས་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་ནས་ནེ་པ་ལར་འཚམས་འདྲི་གནང་
བ་ཐུགས་གྲ་ལེགས་འགྲིག་བྱུང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་03ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།བློ་བཟང་རྒྱལ་མཚན་གྱིས་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་ནས་ནེ་པ་ལར་འཚམས་འདྲི་གནང་
བ་ཐུགས་གྲ་ལེགས་འགྲིག་བྱུང་བ།

 མི་དམངས་དྲ་བའི་འཕྲིན། ཟླ་༡༠ཚེས་༣༡ཉིན་གློག་འཕྲིན་འབྱོར་གསལ། ནེ་པ་ལ་སྲིད་གཞུང་གི་གདན་ཞུས་ལྟར་ས་གནས་དེ་གའི་དུས་ཚོད་ཟླ་༡༠ཚེས་༢༧ཉིན་ནས་ཚེས་༣༡ཉིན་བར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ནེ་པ་ལ་རྒྱལ་ཕྲན་མཉམ་འབྲེལ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ལ་དུས་ཡུན་ཉིན་ལྔ་ཡི་མཛའ་གྲོགས་འཚམས་འདྲི་གནང་ཞིང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་སྐུ་ཚབ་ཚོགས་པ་འཚམས་འདྲིར་ཕེབས་པར་ནེ་པ་ལའི་ཕྱོགས་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་ནེ་པ་ལའི་ཙུང་ཐུང་ཡ་ཏ་ཕུའུ་དང་ཙུང་ལི་ཧོ་དབྱི་ལ་ལ་བཅས་ཀྱིས་ཐུགས་འཕྲད་གནང་བ་དང་ཆ་འཕྲིན་སྤེལ་རེས་པུའི་པུའུ་ཀྲང་ལི་ཅར་དང་ཚོང་དོན་མཁོ་སྤྲོད་པུའི་པུའུ་ཀྲང་ཐེ་ཕ་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་ཅིང་། ཕྱོགས་གཉིས་པོས་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུ་དང་། ཕྱོགས་གཉིས་པོའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ། མཐའ་མཚམས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ། མཉམ་ལས་གསར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་བའི་ཐོག་བསྡོམས་ཨ་སྒོར་དུང་ཕྱུར་༥.༥ཟིན་པའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་གན་རྒྱ་དང་མ་འཇོག་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་འབྲེལ་རེས་སྐོར་རྗེས་མར་ནེ་པ་ལའི་བྱང་རྒྱུད་ཁུལ་དུ(༢༠༡༤ལོ་ནས་༢༠༡༨ལོ་བར)བསྡོམས་མི་དམངས་ཤོག་སྒོར་དུང་ཕྱུར་གཅིག་ཟིན་པའི་ལོ་ལྔའི་རོགས་སྐྱོར་འཆར་གཞི་ལག་བསྟར་བྱ་རྒྱུ་རེད།
     འཚམས་འདྲི་གནང་སྐབས་བློ་བཟང་རྒྱལ་མཚན་གྱིས་ནེ་པ་ལ་ཕྱོགས་ཀྱི་མཐོ་རིམ་མི་སྣ་དང་མཉམ་དུ་མཛའ་གྲོགས་ཐད་སྤེལ་རེས་ཟབ་མོ་གནང་བའི་ཐོག་ཕྱོགས་གཉིས་པོས་མཉམ་དུ་ལག་གདང་སྦྲེལ་ནས་ཕྱོགས་མང་དང་། ཁྱབ་ཁོངས་མང་བ། རིམ་པ་མང་བ། ཆུ་ཚད་མཐོ་བ་བཅས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཁས་ལེན་བྱས་ཤིང་། བློ་བཟང་རྒྱལ་མཚན་གྱིས་ནེ་པ་ལ་ནི་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་དང་། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཚུན། ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ་དང་རྒྱལ་ཁབ་ཆེ་ཆུང་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། མཛའ་གྲོགས་མཉམ་གནས། གཉིས་ཁེ་མཉམ་ལས་བཅས་ཀྱི་མིག་དཔེར་གྱུར་ཡོད། དུས་ཡུན་རིང་པོའི་ནང་ནེ་པ་ལས་ཀྲུང་གོ་གཅིག་གི་སྲིད་ཇུས་སྔ་བར་ཕྱི་གསུམ་དུ་ལག་བསྟར་བྱས་ཏེ་ཕྱོགས་གཏོགས་གང་རུང་གིས་ནེ་པ་ལའི་མངའ་ཁོངས་ས་ཆའི་ནང་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་སྤེལ་དུ་མི་འཇུག་པ་དེར་ང་ཚོས་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
     བློ་བཟང་རྒྱལ་མཚན་གྱིས་ད་ཕན་ལོ་ཤས་རིང་ཕྱོགས་གཉིས་པོའི་མཐོ་རིམ་མི་སྣའི་འགྲོ་འོང་བྱེད་ཚད་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པའི་ཐོག་དམངས་ཁྲོད་དབར་གྱི་སྤེལ་རེས་ཟབ་ཏུ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པ། རིག་གནས་སྤེལ་རེས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། ཉེན་རྟོག་ལས་དོན་མཉམ་ལས་ཏན་ཏིག་བཅས་བྱུང་བའི་ཐོག་དཔལ་འབྱོར་གྱི་རོགས་རམ་དང་། འགག་སྒོ་བསྐྲུན་རྒྱུ། མཛའ་གྲོགས་ཀྱི་གྲོང་ཁྱེར་བསྐྲུན་རྒྱུ། གཞོན་ནུ་དང་བུད་མེད་སོགས་ཁྱབ་ཁོངས་མང་པོའི་སྤེལ་རེས་ཀྱང་ཟབ་ཏུ་ཕྱིན་ཡོད། སང་ལོ་ནི་ཀྲུང་ནེའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་60འཁོར་བའི་ལོ་ཡིན། བོད་རང་སྐྱོང་ལྗོངས་ཀྱིས་མཐའ་འཁོར་ཕྱི་འབྲེལ་འབྲེལ་བའི་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་ལ་ཧུར་ཐག་གཞིགས་རྒྱུའི་ཐོག་རང་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་དུས་བབ་གསར་པ་དང་ཟུང་འབྲེལ་བྱས་ཏེ་གཉིས་ཁེ་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བ་དང་། ལས་རིགས་ཁག་གི་སྤེལ་རེས་ལ་སྐུལ་འདེད་གཏོང་བ། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱ་ཆེར་གཏོང་བ། ཀྲུང་དབྱང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ནེ་པ་ལར་རོགས་རམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་ནེའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་ཕྱོགས་ཡོངས་མཉམ་ལས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ནེ་པ་ལའི་ཙུང་ཐུང་ཡ་ཏ་ཕུའུ་དང་ཙུང་ལི་ཧོ་དབྱི་ལ་ལ་སོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་སྲིད་ཏང་འགོ་ཁྲིད་མི་སྣ་གཙོ་བོས་བློ་བཟང་རྒྱལ་མཚན་གྱིས་སྣེ་ཁྲིད་གནང་བའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་སྐུ་ཚབ་ཚོགས་པ་ནེ་པ་ལར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་གནང་བ་མ་ཟད། ཀྲུང་ནེའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་འབྲེལ་བར་ཚད་མཐོའི་གདེང་འཇོག་བྱས་པ་དང་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་བསྔགས་བརྗོད་བྱས་ཁར། བོད་དང་ནེ་པ་ལའི་མཉམ་ལས་ལ་ཐོབ་པའི་ཕན་འབྲས་དང་ཡངས་པའི་མདུན་ལམ་ལ་གདེང་འཇོག་གང་ལེགས་བྱས་པ་དང་འབྲེལ་ཀྲུང་གོས་ནེ་པ་ལར་རྒྱབ་སྐྱོར་ཤུགས་ཆེན་དང་རེས་སྐོར་གསར་པའི་རོགས་སྐྱོར་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ནེ་པ་ལས་ཐོག་མཐའ་བར་གསུམ་དུ“ཀྲུང་གོ་གཅིག”གི་ལངས་ཕྱོགས་ལག་བསྟར་བྱ་རྒྱུའི་ཐོག་ཀྲུང་གོའི་རྩ་བའི་ཁེ་ཕན་ལ་བརྩི་འཇོག་དང་ཀྲུང་གོ་ཕྱོགས་ཀྱི་དོ་ཁུར་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཕྱོགས་གཏོགས་གང་རུང་གིས་ཀྱང་ནེ་པ་ལའི་མངའ་ཁོངས་ས་ཆའི་ནང་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་རྩ་བ་ནས་གཤོམ་དུ་འཇུག་གི་མིན་ལ། ཀྲུང་གོར་ངོ་རྒོལ་བྱེད་པའི་ལྐོག་གཡོ་གང་རུང་ནེ་པ་ལ་རུ་རྩ་བ་ནས་ཐོན་དུ་འཇུག་གི་མིན། གོང་གསལ་གྱི་གནས་ཚུལ་ཤེས་རྟོགས་བྱུང་འཕྲལ། ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུའི་ཁས་ལེན་བྱས་པ་དང་ཆབས་ཅིག་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཕྱོགས་གཉིས་པོའི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཐད་བཏོན་གནང་བའི་ལྷག་བསམ་ཟོལ་མེད་ཀྱི་གྲོས་འགོར་རྦད་དེ་མོས་མཐུན་བྱས་ཁར་ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་མཉམ་ལས་བྱས་ཏེ་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་དབར་གྱི་དཔལ་འབྱོར་ཚོང་དོན་དང་། ཡུལ་སྐོར། རིག་གནས། ཉེན་རྟོག་ལས་དོན། ཞིང་ལས། འགྲིམ་འགྲུལ། སློབ་གསོ། ནུས་རྒྱུ་བཅས་དང་དེ་བཞིན་དམངས་ཁྲོད་དབར་གྱི་སྤེལ་རེས་སོགས་ཕྱོགས་མང་གི་མཉམ་ལས་ཟབ་ཏུ་བཏང་སྟེ་ཕྱོགས་གཉིས་པོའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།
     བློ་བཟང་རྒྱལ་མཚན་གྱིས་ནེ་པ་ལར་འཚམས་འདྲི་གནང་སྐབས་དམིགས་བསལ་གྱི་སྣེ་ལེན་ཐོབ་ཅིང་། ནེ་པ་ལའི་ཙུང་ཐུང་གཞོན་པ་ཅ་ཨས་ཁྱིམ་ཚང་དུ་གསོལ་སྟོན་བཤམས་ནས་བློ་བཟང་རྒྱལ་མཚན་དང་བཅས་པར་དགའ་བསུ་ཞུས་པ་དང་འབྲེལ་བློ་བཟང་རྒྱལ་མཚན་ནེ་པ་ལའི་སྲོལ་རྒྱུན་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོར་གདན་ཞུ་གནང་ཞིང་། རེས་སྐོར་དང་པོའི་མཇལ་འཛོམས་གྲུབ་རྗེས། ནེ་པ་ལའི་ཙུང་ལི་གཞོན་པ་ནང་སྲིད་པུའི་པུའུ་ཀྲང་གཅིག་ལྕོགས་ཀའོ་ཐ་མུའུ་ཡི་གདན་ཞུས་ལྟར་བློ་བཟང་རྒྱལ་མཚན་དང་བཅས་པ་ནེ་པ་ལའི་ཉེན་རྟོག་པའི་སྤྲོ་སྐྱིད་ཁང་དུ་གདན་ཞུ་གནང་སྟེ་ནེ་པ་ལའི་ཉེན་རྟོག་སྡེ་ཚན་གྱི་དཔོན་རིགས་དང་སྔར་བས་སྤེལ་རེས་བྱས་པ་དང་འབྲེལ་ཉེན་རྟོག་ལས་དོན་ཐད་ཀྱི་མཉམ་ལས་དང་མཐའ་མཚམས་དོ་དམ་སོགས་ལ་གྲོས་མོལ་བྱས་ནས་ཐུན་མོང་གི་ངོས་འཛིན་སྔར་བས་ཟབ་ཏུ་བཏང་བ་རེད། ད་ཕན་ལོ་ཤས་རིང་ནེ་པ་ལ་དང་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཞིང་། ༢༠༡༡ལོ་ནས་བཟུང་བོད་དང་ནེ་པ་ལའི་ཚོང་དོན་ཆ་སྙོམས་ལོ་རེར་༤༣%འཕར་བ་དང་༢༠༡༣ལོར་བོད་དང་ནེ་པ་ལའི་ཚོང་དོན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་༡༩ལྷག་ཙམ་ཟིན་ཡོད། ཚེས་༢༨ཉིན་གྱི་ཉིན་དགུང་ནེ་པ་ལ་དང་ཀྲུང་གོའི་བོད་ལྗོངས་ཀྱི་དཔལ་འབྱོར་ཚོང་དོན་དང་མ་འཇོག་མཉམ་ལས་ལ་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་ཤིང་། བློ་བཟང་རྒྱལ་མཚན་དང་ནེ་པ་ལའི་ཚོང་དོན་མཁོ་སྤྲོད་པུའི་པུའུ་ཀྲང་ཐ་ཕ་མཛད་སྒོར་ཞུགས་ནས་ཀྲུང་གོའི་བོད་རང་སྐྱོང་ལྗོངས་མཐའ་མཚམས་ཚོང་དོན་ཚོང་ཚོགས་དང་ནེ་པ་ལའི་ནེ་ཀྲུང་བཟོ་ཚོང་མཐུན་ཚོགས་མཉམ་ལས་ཀྱི་བསམ་ཤེས་བརྗེད་ཐོ་དང་། ཕྱོགས་གཉིས་པོའི་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་ཚོང་དོན་གྱི་གན་རྒྱ། མ་འཇོག་མཉམ་ལས་གྲོས་མཐུན་སོགས་ལ་མིང་རྟགས་འགོད་པའི་མཛད་སྒོར་དཔང་རྟགས་གནང་བ་རེད།
     ཧི་མ་ལ་ཡ་མཁའ་འགྲུལ་ཀུང་སིས་བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་དང་ནེ་པ་ལའི་མཁའ་འགྲུལ་ཀུང་སི་འདི་ལོ་འཛུགས་རྒྱུ་ཡིན་ཞིང་། ཚེས་༢༨ཉིན་གྱི་དགོང་མོ་བློ་བཟང་རྒྱལ་མཚན་ཧི་མ་ལ་ཡ་མཁའ་འགྲུལ་ཀུང་སིས་འཚོགས་པའི་མཚན་ཚོགས་ལ་ཞུགས་པ་རེད།
     ནེ་པ་ལར་འཚམས་འདྲི་གནང་རིང་། བློ་བཟང་རྒྱལ་མཚན་གྱིས་ད་དུང་ནེ་པ་ལར་བཅའ་བཞུགས་རང་རྒྱལ་གྱི་གཞུང་ཚབ་ཆེ་མོ་བ་ཝུའུ་ཁྲུན་ཐེ་དང་བཞུགས་མོལ་གནང་བ་དང་། ནེ་པ་ལར་ཡོད་པའི་བོད་རིགས་སྤུན་ཟླ་དང་ལུའུ་ཧྥན་ཏི་ཤིའི་སྲིད་འཛིན་དཔོན་ཧྥན་ཐེ་དང་བྱམས་བརྩེའི་ངང་མཇལ་འཛོམས་གནང་བ་མ་ཟད། ནེ་པ་ལའི་ཡུལ་སྐོར་གསར་སྤེལ་གནས་ཚུལ་ལ་གཟིགས་ཞིབ་ཀྱང་གནང་བ་རེད།
     ད་ཐེངས་ཀྱི་འཚམས་འདྲིར་གཡུར་དུ་ཟ་བའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་སྟེ། རེས་སྐོར་དང་པོར་ནེ་པ་ལར་རོགས་སྐྱོར་བདེ་བླག་ངང་བྱས་པའི་རྨང་གཞིའི་ཐོག་རེས་སྐོར་གསར་པར་ནེ་པ་ལའི་བྱང་རྒྱུད་ས་ཁུལ་གྱི་ལོ་ལྔའི(༢༠༡༤ལོ་ནས་༢༠༡༨ལོའི་བར)འཆར་གཞིར་མི་དམངས་ཤོག་སྒོར་དུང་ཕྱུར་གཅིག་རི་བའི་དངོས་ཟོག་དང་རྣམ་གྲངས་རོགས་སྐྱོར་གྱི་འཆར་གཞི་ལག་བསྟར་བྱ་རྒྱུའི་ནང་ཀྲུང་གོའི་ཚོང་དོན་པུའུ་དང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ལོ་ལྟར་སྒོར་ཁྲི་༡༠༠༠གི་མ་དངུལ་རོགས་སྐྱོར་བྱས་ནས་ནེ་པ་ལ་བྱང་རྒྱུད་ས་ཁུལ་གྱི་དམངས་ཚོགས་ལ་མཁོ་བའི་དམངས་འཚོའི་རྣམ་གྲངས་ཆུང་གྲས་ཁག་གཅིག་རོགས་སྐྲུན་དང་དེ་བཞིན་ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་མཁོ་འདོན་བྱས་ཏེ་རོགས་སྐྱོར་རྣམ་གྲངས་དེ་ལས་ནེ་པ་ལའི་མི་དམངས་ལ་ཕན་པ་དངོས་ཐོབ་པ་བྱ་རྒྱུ་དང་། ནེ་པ་ལའི་ནང་སྲིད་པུའུ་དང《ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་བྱང་རྒྱུད་ས་ཁུལ་དབར་མཛའ་གྲོགས་རྫོང་གཏོད་པའི་བཞུགས་མོལ་གྱི་ཟིན་བྲིས་གནས་བསྡུས》ལ་མིང་རྟགས་བཀོད་པ། བོད་རང་སྐྱོང་ལྗོངས་སྲིད་གཞུང་སྐུ་ཚབ་ཚོགས་པས་འཚམས་འདྲི་བྱེད་རིང་ནེ་པ་ལའི་སྨྱན་སྦྱོར་གྱི་ཚད་མཐོའི་དོ་ཁུར་ཐོབ་པ་དང་། གཙོ་རྒྱུན་སྨྱན་སྦྱོར་གྱིས་དཔྱད་གཏམ་སྤེལ་ནས་ཀྲུང་གོ་དང་ནེ་པ་ལར་བསྔགས་བརྗོད་བྱས་པ་བཅས་རེད།