འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་ཆུང་མཐོ་རིམ་འཛིན་གྲྭའི་སློབ་མས་རྩོམ་ཡིག་འབྲི་ སྦྱོང་བྱེད་པའི་ཕན་འབྲས་སྐོར་གླེང་བ།

    གཞིས་རྩེ་ས་གནས་རྣམ་གླིང་རྫོང་མཁར་རྩེ་སློབ་ཆུང་། ཀུན་བཟང་དབང་མོས།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་27ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         དེ་ཡང་རྟ་གཅིག་བྱུང་ན་རྟེའུ་ནས་བྱུང་། མི་གཅིག་བྱུང་ན་ཆུང་ནས་བྱུང་། ཞེས་པའི་གཏམ་དཔེས་སྔོན་བསུས་ཏེ་མ་འོངས་མེས་རྒྱལ་གྱི་བདག་པོ་ན་ཆུང་བྱིས་པ་རྣམས་ཆུང་དུས་ནས་སྐད་ཡིག་ལ་དགའ་ཞེན་དང་སྦྱོང་འདོད་ཀྱི་བློ་ཞིག་སྐྱེ་ཕྱིར། ཁོ་མོས་བསླབ་ཚན་ཁྲིད་ཞོར་དུ་སློབ་གྲྭའི་ནང་སློབ་མའི་རྩོམ་ཡིག་འབྲི་སྦྱོང་ཐད་རྩོམ་ཡིག་ལེགས་བསྒྲིགས་ཀྱི་ལེ་ཚན་ཞིག་གཉེར་བ་དེ་ལས་ཐོན་པའི་ཕན་འབྲས་གླེང་ཁུལ་བྱས་ན།
          ༡.བསྟོད་བསྔཊ་ཀྱི་སྒོ་ནས་རྩོམ་ཡིག་འབྲི་སྦྱོང་ལ་སྐུལ་བ་དེས་སློབ་མའི་སྦྱང་འདོད་ཀྱི་སྤྲོ་བ་འཕེལ་ཐུབ་པ།
          སློབ་མ་སུ་འདྲ་ཞིག་ཡིན་རུང་ཐོག་མར་རྩོམ་ཡིག་འབྲི་རྒྱུ་ནི་སྦྱོང་ཚན་དཀའ་ཚེགས་ཆེ་ཤོས་ཤིག་ཏུ་ངོས་འཛིན་ནས་རྩོམ་ཡིག་འབྲི་རྒྱུའི་སྐོར་གླེང་བ་ཙམ་གྱིས་སློབ་མར་སྒྱིད་ལུག་དང་སེམས་ནད་ཅིག་སླེབས་ཀྱི་ཡོད་མོད། རྩོམ་ཡིག་འབྲི་སྦྱོང་བསྐུལ་བའི་མ་རྩོམ་ནང་མཐོང་གསལ། སློབ་ཆུང་མཐོ་རིམ་འཛིན་གྲྭའི་སློབ་མས་དགེ་རྒན་གྱི་འདོད་བློ་ཁེངས་པའི་རྩོམ་ཡིག་ཞིག་འབྲི་མི་ཐུབ་ལ། སྤྱིར་སློབ་ཆུང་མཐོ་རིམ་འཛིན་གྲྭའི་སློབ་མའི་རྩོམ་ཡིག་ཅིག་ལ་ཚིག་གི་སྡེབ་སྦྱོར་མེད་ལ། དོན་སྙིང་དབེན་པ་དང་བརྗོད་པ་མི་བདེ་བ། གོ་རིམ་མེད་པ། ལ་ལ་ནི་ཡིག་གཟུགས་མི་ལེགས་པའི་ཁར་ཁམས་དྭངས་པོ་མེད་པ། ཕྲད་དང་དག་ནོར་མང་བ་སོགས“སློག་རྙིང་ལ་ཤིག་དང་སྲོ་མ་འཚངས་བ”བཞིན་སྐྱོན་གྱིས་འགྲིབ་པ་ནི་སྨོས་མེད་ཅིག་རེད། དེ་བས་ཨ་རིའི་སེམས་ཁམས་རིག་པ་མཁས་ཅན་ཁྲ་སི་ལེར་གྱིས་གསུངས་དོན“ངོ་བསྟོད་བྱ་རྒྱུ་དེ་མིའི་རིགས་ཀྱི་རྣམ་ཤེས་ལ་སྐུལ་ལྕག་ཐེབས་ཐབས་ནས་བརྗོད་ན་ཉི་འོད་ཇི་བཞིན་ཏེ། དེ་ཉིད་མེད་ན་ང་ཚོ་སྐྱེ་ཐབས་མེད་ལ་མེ་ཏོག་དང་འབྲས་བུ་ནི་དེ་བས་ཀྱང་བཏགས་ཐབས་མེད”ཅེས་པ་ལྟར་ཁོ་བོས་གཅིག་ནས་སློབ་མའི་རྩོམ་ཡིག་སྦྱོང་ཚན་བཅོས་རྒྱག་པའི་བརྒྱུད་རིམ་ནང་ལེགས་པའི་ཆ་ཕྲན་བུར་ཡང་བསྔགས་བརྗོད་བྱེད་པ་སྟེ། དཔེར་ན། སློབ་མ་ཞིག་གི་རྩོམ་ཡིག་ལ་ཅི་བྱ་གང་འགབ་ཀྱིས་ལེགས་པའི་ཆ་ཞིག་བཙལ་ནས་འདེང་འཇོག་བྱ་ཚུལ་ནི“རང་གི་ ཡིག་གཟུགས་ཡག་པོ་འདུག་ལ་དག་ཆ་ཡང་མང་ཆེ་བ་འགྲིག་འདུག”དང“རང་གིས་བྲིས་པའི་བརྗོད་ཐུང་སྙན་པོ་འདི་ལྟ་བུ་ངའི་སེམས་ལ་འཁོར་བ་མི་འདུག”ཞེས་པ་སོཊ་སློབ་ཕྲུག་ཚོཊ་པའི་དབུས་སུ་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བ། གཉིས་ནས་སློབ་མས་འབྲི་སྦྱོང་བྱས་པའི་རྩོམ་ཡིག་ཡག་པ་དག་གསོག་འཇོག་བྱས་ཏེ་རང་སློབ་གྲྭའི་རྩོམ་ཡིག་ལེགས་བསྒྲིགས་ཀྱི་དུས་དེབ་སྟེང་བཀོད་དེ་རྩོམ་ཡིག་འཁོད་ཐུབ་མཁན་གྱི་སློབ་མ་ཚོར་སློབ་གྲྭའི་དགེ་སློབ་མཉམ་འཛོམས་ཐོག་རྩོམ་ཡོན་སྤྲོད་པ་དང་སྦྲགས་མཚན་སྙན་གཟེངས་བསྟོད་ལག་ཁྱེར་སྤྲོད་པ་སོགས་ཐབས་བརྒྱ་ཇུས་སྟོང་བྱས་པ་དེས་སློབ་མ་ཡོངས་ལ་སྐུལ་ལྕག་ཟབ་མོ་ཐེབས་ནས་མུ་མཐུད་རྩོམ་ཡིག་འབྲི་སྦྱོང་ལ་འབད་བརྩོན་བྱ་རྒྱུའི་འདུན་པ་དྲག་པོ་སྐྱེད་པ་དང་རྩོམ་ཡིག་འབྲི་སྦྱོང་ལ་སྤྲོ་བ་འཕེལ་བ་ནི་མིག་མཐོང་ལག་ ཟིན་དུ་གྱུར།
         ༢.རྩོམ་ཡིག་འབྲི་སྦྱོང་ལ་སྤྲོ་བ་འཕེལ་བ་ལས་སློབ་མའི་བོད་ཡིག་གི་རྨང་གཞི་ལེཊ་པོ་འདིང་ཐུབ་པ།
         “བྱ་བ་གང་ཞིག་བྱེད་དགོས་ཀྱང་ཐོག་མར་བྱ་བ་དེར་འཇུག་འདོད་ཀྱི་མོས་པ་ཞིག་གམ་འཇུག་འདོད་ཀྱི་སྤྲོ་བས་ཁེངས་ན་བྱ་བ་དེ་ལེགས་གྲུབ་ཕྱེད་ཀ་བྱུང་བ་དང་ཁྱད་པར་མེད”ཅེས་པའི་སྐད་ཆ་ནི་བདེན་པ་རང་རེད། རང་ཉིད་ཀྱིས་ལོ་ཤས་སློབ་ཁྲིད་བྱས་པའི་བརྒྱུད་རིམ་ནང་རྩོམ་ཡིག་འབྲི་སྦྱོང་ལ་གཙིགས་མཐོང་བྱས་པ་དེས་སློབ་ཆུང་མཐོ་རིམ་འཛིན་གྲྭའི་སློབ་མས་སློབ་དུས་ཀྱི་སྦྱངས་བྱའི་བསླབ་དེབ་ནང་དོན་རྐྱང་པ་ཁོ་ན་མིན་པར་སློབ་གསེང་ནང་རྩོམ་ཡིག་འབྲི་སྦྱོང་བྱ་རྒྱུར་དགའ་བ་མ་ཟད། ཁོ་ཚོར་སྐུལ་སློང་ཟབ་མོ་ཞིག་བརྙེད་ནས་རྩོམ་ཡིག་འབྲི་ཞོར་དུ་རང་འགུལ་གྱིས་བྱིས་སྒྲུང་དང་། དུས་དེབ། ཚགས་པར་སོགས་ལྟ་བའི་གོམས་གཤིས་བཟང་པོ་ཞིག་བསྐྲུན་ཐུབ་ཀྱི་འདུག གཞན་ཡང་། སློབ་དུས་རེའི་འཆར་གཞིའི་བསླབ་ཚན་གཅིག་པུའི་ཤེས་བྱ་རྐྱང་པ་མཁོ་སྤྲོད་བྱེད་པ་ནི་བསླབ་གཞི་སྒྱུར་བཅོས་ཀྱི་རེ་བ་དང་མི་འཚམ་ལ། དེས་སློབ་མའི་བོད་སྐད་ཡིག་གི་ཆུ་ཚད་གོང་འཕེལ་གཏོང་བར་ནུས་པ་དེ་ཙམ་མི་ཐོན་པར་སློབ་མའི་ཤེས་རྒྱ་དང་མཐོང་རྒྱ་ནི་ཁྲོན་པའི་ནང་གི་སྦལ་པའི་དཔེ་ལས་མ་འདས་སོ།
         སློབ་ཆུང་མཐོ་རིམ་འཛིན་གྲྭའི་སློབ་མར་རྩོམ་ཡིག་སྦྱོང་བརྡར་ལས་སློབ་ཁྲིད་ཀྱི་སྤུས་ཚད་ལའང་འགན་ལེན་ཐུབ་ཅིང་། རྩོམ་ཡིག་འབྲི་སྦྱོང་དེ་ནི་བོད་སྐད་ཡིག་གི་སློབ་ཁྲིད་བྱང་ཚད་གོང་མཐོར་གཏོང་བའི་འགག་རྩ་ཞིག་ཡིན། དེའང་སློབ་མ་མང་པོས་དཀའ་ཚེགས་ཆེ་བའི་རྩོམ་ཡིག་འབྲི་རྒྱུར་སྤྲོ་བ་འཕེལ་བས་སློབ་ཁྲིད་བརྒྱུད་རིམ་ཁྲོད་ཀྱི་སྦྱོང་ཚན་གཞན་རྣམས་ནི་ལས་སླ་པོ་ཞིག་ཏུ་བརྩིས་ནས་ཡང་དག་ངང་དུས་ཐོག་ཏུ་ལེགས་སྒྲུབ་ཐུབ་པ་མ་ཟད་སློབ་ཚན་དབྱེ་ཞིབ་ཀྱི་ནུས་པ་ཆེ་རུ་འགྲོ་བ་དང་། ཐེ་ཚོམ་དང་དོགས་གནད་ཡོད་པའི་དྲི་གཞི་ཐག་གཅོད་བྱེད་ཐུབ་པའི་འཇོན་ཐང་ཡང་ཆེ་རུ་སོང་བ་མ་ཟད། དུས་རྒྱུན་དུ་མ་སྐུལ་དང་བླངས་ཀྱིས་བོད་སྐད་ཡིག་གི་བྱིས་སྒྲུང་དཔེ་དེབ་སོགས་ལྟ་རྒྱུར་དགའ་བའི་བློ་གསར་མང་དག་གསོ་སྐྱོང་ཐུབ་ཀྱིན་འདུག
         མདོར་ན། བརྒྱ་བཤད་དོན་ལ་ཕབ་ན་ཚིག་གཅིག་ཟེར་བའི་དཔེ་ལྟར། དགེ་རྒན་ཚོས་རྩོམ་ཡིག་འབྲི་སྦྱོང་ཁྲིད་སྟོན་བྱ་རྒྱུ་ནི་ནག་ནོག་དྲི་མས་མ་འགོས་པའི་ཤོག་དཀར་དང་མཚུངས་པའི་སློབ་ཆུང་མཐོ་རིམ་འཛིན་གྲྭའི་སློབ་མར་སྐད་ཡིག་གི་རྨང་གཞི་ལེགས་པོ་འདིང་བའི་ཐབས་ལམ་བཟང་ཤོས་སུ་མཐོང་བས་མ་འོངས་ལོ་ཟླའི་ནང་སློབ་གྲྭ་ཁག་གི་ཁྱོན་དུ་རྩོམ་ཡིག་ལེགས་བསྒྲིགས་ལེ་ཚན་མང་ཙམ་སྤེལ་ན་ཕན་འབྲས་ལྷག་པར་ཆེ་སྙམ་མོ།
      

    ཕྱོགས་བསྡུས་གསར་འགྱུར།