འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་སྔོན་གཤེགས་དཔའ་
    བོའི་ཡིག་ཚགས་སླར་ཡང་ལེགས་སྒྲིག་བྱེད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་27ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་སྔོན་གཤེགས་དཔའ་བོའི་ཡིག་ཚགས་སླར་ཡང་བསྡུ་རུབ་དང་ལེགས་སྒྲིག་བྱས་ནས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་60འཁོར་བར་དྲན་གསོ་ཞུས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ཆེད་དམག་དམངས་3000ལྷག་ཙམ་གྱིས་ཚེ་སྲོག་བློས་གཏོང་བྱས་ཡོད། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གཟིགས་སྐྱོང་བཀོད་སྒྲིག་ཁྲུའི་ཁྲུའུ་ཀྲང་གཞོན་པ་སྒྲོལ་མ་དབྱངས་མཚོས་ལོ་མང་པོ་འདས་ཟིན་པ་དང་བསྡོམས་རྩིས་ལས་དོན་རྗེས་ལུས་ཐེབས་པའི་རྐྱེན་གྱིས《བོད་ཀྱི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་མིང་གཞུང》གི་པར་གཞི་གསར་ཤོས་ནང“ལམ་གཉིས”སྐྲུན་སྐབས་ཚེ་སྲོག་ཤོར་བའི་སྔོན་གཤེགས་དཔའ་བོ་100ལྷག་ཙམ་ལས་འཁོད་མེད། “ལམ་གཉིས”ཀྱི་སྙིང་སྟོབས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱ་ཆེད། བོད་ཀྱི་རྫོང་ཁག་གིས་བསྡུ་རུབ་དང་ལེགས་སྒྲིག་ཛ་དྲག་ངང་བྱས་ནས《“གཞུང་ལམ་གཉིས”ཀྱི་སྔོན་གཤེགས་དཔའ་བོའི་མིང་གཞུང》ཆེད་མངགས་སྒྲིག་བཟོ་བྱེད་བཞིན་ཡོད་ཅེས་བཤད།
         《བོད་ཀྱི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་མིང་གཞུང》ནང“གཞུང་ལམ་གཉིས”ཀྱི་སྔོན་གཤེགས་དཔའ་བོའི་སྐོར་བཀོད་པ་དེའང་ཧ་ཅང་མདོར་བསྡུས་ཡིན་པ་དཔེར་ན། བཟོ་སྐྲུན་དམག་ཐོན་ལྔ་པའི་ལན་བདུན་པའི་འཐབ་འཛིང་པ་ཤའོ་ཝུན་མིང་ཀུའེ་ཀྲོའུ་ཞིང་ཆེན་ཨན་ཧྲུན་རྫོང་ནས་ཡིན་པ་དང་། 1953ལོའི་ཟླ་3པར་དམག་དཔུང་ནང་ཞུགས་པ། 1954ལོའི་ཟླ་6པར་ལམ་བཟོ་སྐབས་རི་ཉིལ་ནས་རྐྱེན་ལམ་དུ་ཤོར། བཟོ་སྐྲུན་དམག་ཐོན་ལྔ་པའི་ལན་གཉིས་པའི་པན་ཀྲང་གཞོན་པ་ཞིས་ཉན་ཧྲེང་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ནས་ཡིན་པ་དང་། 1945ལོའི་ཟླ་5པར་དམག་དཔུང་ནང་ཞུགས་པ། 1953ལོའི་ཟླ་12པར་ཏང་ནང་ཞུགས་པ། 1954ལོའི་ཟླ་7པར་ལམ་བཟོའི་རྫས་མེ་སྤོར་སྐབས་འབར་གས་བྱུང་ནས་ཚེ་སྲོག་ཤོར་བ་ལྟ་བུའོ།།
         ཁྲོན་བོད་གཞུང་ལམ་ལམ་རྒྱུད་ཀྱི་རྫོང་གྲོང་ཁག་གཅིག་སྟེ་དཔེར་ན། བོད་ཀྱི་དཔའ་ཤོད་རྫོང་དང་སྤོ་བོ་རྫོང་སོགས་ཚང་མར“གཞུང་ལམ་གཉིས”ཀྱི་སྔོན་གཤེགས་དཔའ་བོའི་བང་སོ་བསྐྲུན་ཡོད། ས་གནས་དེ་གའི་མང་ཚོགས་ཀྱིས་གལ་ཆེའི་དུས་ཚིགས་སུ་རང་འགུལ་ངང་བང་སོར་དུར་མཆོད་བྱེད་པ་དང་ཆབས་ཅིག་ཁ་བཏགས་ཀྱང་འབུལ་གྱི་ཡོད། འདི་ལོའི་ཟླ་7པ་ནས་བཟུང་བོད་ཀྱིས་བང་སོ་མཐིལ་བཤེར་གྲལ་བཤེར་གྱི་ལས་དོན་སྤེལ་བ་དང“གཞུང་ལམ་གཉིས”ཀྱི་སྔོན་གཤེགས་དཔའ་བོའི་བང་སོ་ཚུད་པའི་སྔོན་གཤེགས་དཔའ་བོའི་བང་སོ་ཚང་མར་ཉམས་གསོ་བྱ་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།