འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲིམས་ལྟར་རྒྱལ་སྐྱོང་མངོན་འགྱུར་ཡོང་བ་བྱེད་པའི་ལོ་རྒྱུས་ཀྱི་མཆོང་སྐྱོད།  

    མི་དམངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་24ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་ཐད་སྣེ་ཁྲིད་དང་ཚད་ལྡན་ཡོང་ཐབས་དང་ཁ་འབྲལ་ཐབས་མེད་པ་དང་།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པར་ཁྲིམས་སྐྱོང་གི་འགན་ལེན་དང་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད།
        གྲོལ་མ་ཐག་པའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག《ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་ཞིབ་དང་གྲོས་འཆམ་བྱུང་བ་རེད།《གཏན་འབེབས》དེ་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྱོང་བྱེད་པའི་དོན་དངོས་ལ་གཞི་ཚུགས་པ་དང་རང་རྒྱལ་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་ཁྱབ་ཁོངས་ནང་གི་མངོན་གསལ་དོད་པའི་གནད་དོན་ལ་ཐད་ཀར་དམིགས་ཏེ་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་བློ་དང་།སྤྱིའི་དམིགས་ཚད།གཞི་རྩའི་རྩ་དོན་བཅས་གསལ་སྟོན་བྱས་པ་དང་།ཁྲིམས་ལྟར་རྒྱལ་སྐྱོང་སྐོར་གྱི་ལྟ་ཚུལ་གསར་པ་དང་བྱ་ཐབས་གསར་པ་རབ་དང་རིམ་པ་བཏོན་པ།ཏང་གི་འགོ་ཁྲིད་དང་ཁྲིམས་ལྟར་རྒྱལ་སྐྱོང་དབར་གྱི་འབྲེལ་བ་སོགས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བཏབ་བ།ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་དང་།ཁྲིམས་སྐྱོང་ནན་ཏན།གཞུང་དྲང་ཁྲིམས་འཛིན།དམངས་ཡོངས་ཀྱིས་ཁྲིམས་སྲུང་།ཁྲིམས་སྐྱོང་དཔུང་ཁག་འཛུགས་སྐྱོང་།ཁྲིམས་ལྟར་རྒྱལ་སྐྱོང་ལ་ཏང་གིས་སྒོ་ཀུན་ནས་སྐུལ་འདེད་གཏོང་བར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་སོགས་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ།མི་དམངས་ཀྱི་འབོད་སྒྲ་དང་སྤྱི་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་བསློགས་པ་བཅས་བྱས་པས་ཁྲིམས་ལྟར་རྒྱལ་སྐྱོང་གི་འཕེལ་རིམ་ལ་སྐུལ་མ་ནུས་ལྡན་ཐེབས་ངེས་ཡིན་པ་དང་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད།
        ང་ཚོ་ལྟ་བུ་མི་འབོར་དུང་ཕྱུར་13ལྷག་ཙམ་ཡོད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དེར་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་ཁྱབ་ཁོངས་ནང་གི་ཁྱབ་ཆེ་ཞིང་གཏིང་ཟབ་པའི་གསར་བརྗེ་ཞིག་རེད།ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ནང་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུའི་སྤྱིའི་དམིགས་ཚད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་བཟོ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་དེ་རེད་ཅེས་གསལ་སྟོན་བྱས་ཡོད།སྤྱིའི་དམིགས་ཚད་དེ་མངོན་འགྱུར་ཡོང་བ་བྱེད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་།ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མཐའ་འཁྱོངས།ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ལག་བསྟར་བཅས་བྱེད་དགོས།ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཤིག་རེད་ལ་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་ཆེས་རྩ་བའི་འགན་ལེན་ཞིག་ཀྱང་ཡིན་པ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཁྲིམས་སྐྱོང་མ་ལག་གི་རྩ་བའི་ལམ་ལུགས་ཀྱི་རྨང་གཞི་ཡིན་ལ་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་རྩ་བའི་ལམ་ལུགས་ཀྱི་འགན་ལེན་ཡང་ཡིན་པ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ནི་ཁྲིམས་སྐྱོང་མ་ལག་གི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་དང་ཚན་རིག་ཆོས་ཉིད་ཀྱི་འདེགས་སྐྱོར་ཡིན་ལ་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡང་ཡིན།ཕྱོགས་གསུམ་པོ་དེ་དག་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ལམ་བུའི་ལྟེ་བའི་དོན་སྙིང་གྲུབ་པ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་གི་ལམ་ལུགས་གཏོགས་ཁོངས་དང་མདུན་སྐྱོད་ཁ་ཕྱོགས་གཏན་འཁེལ་དང་འགན་ལེན་བྱས་ཡོད།
        ཏང་གི་འགོ་ཁྲིད་དང་ཁྲིམས་ལྟར་རྒྱལ་སྐྱོང་གི་འབྲེལ་བ་ནི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ལྟེ་བའི་གནད་དོན་ཞིག་རེད།ཁྲིམས་ལྟར་རྒྱལ་སྐྱོང་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་ཁྲིམས་ལྟར་སྲིད་སྐྱོང་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་སྲིད་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།རང་རྒྱལ་གྱི་རྩ་ཁྲིམས་ཀྱིས་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཐོག་ནས་ཏང་གིས་མི་དམངས་ལ་འགོ་ཁྲིད་གནང་ནས་གསར་བརྗེ་དང་།འཛུགས་སྐྲུན།སྒྱུར་བཅོས་བཅས་བྱེད་པར་ཐོབ་པའི་གྲུབ་འབྲས་མཚོན་པ་དང་།ལོ་རྒྱུས་དང་མི་དམངས་ཀྱི་གདམ་གའི་ཁྲོད་ཆགས་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གནས་བབ་གཏན་འཁེལ་བྱས་ཡོད།རང་རྒྱལ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་རྩ་བ་དང་སྲོག་རྩ་གནས་ས་དང་།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་དང་འབྲེལ་བ་ཡོད་པ།སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་རྩ་བའི་བླང་བྱ་དང་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རིང་ཚང་དགོས་པའི་དོན་གྱི་སྙིང་པོ་བཅས་རེད།ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་དེ་གཅིག་མཐུན་ཡིན་པས་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བྱེད་པར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་ཏང་གིས་འགོ་ཁྲིད་བྱེད་པར་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་བརྟེན་དགོས་པ་དང་ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་དང་།ཁྲིམས་སྐྱོང་འགན་ལེན།ཁྲིམས་འཛིན་ལ་རྒྱབ་སྐྱོར།སྣེ་ཁྲིད་ངང་ཁྲིམས་སྲུང་བཅས་བྱེད་དགོས།ཏང་གི་འགོ་ཁྲིད་དང་།མི་དམངས་རང་ཁྱིམ་རང་བདགཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་ཡོང་བ་མཐའ་འཁྱོངས་བྱ་རྒྱུ་དེ་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྱོང་བྱེད་པའི་རྩ་བའི་ཉམས་མྱོང་ཞིག་རེད་ལ་རང་རྒྱལ་གྱི་ཁྲིམས་སྐྱོང་དང་ནུབ་ཕྱོགས་ཀྱིས“དམངས་གཙོའི་ཆབ་སྲིད”ཟེར་བའི་དབར་གྱི་རྩ་བའི་ཁྱད་པར་དེ་རེད།
        བཅའ་ཁྲིམས་ནི་རྒྱལ་སྐྱོང་གི་ལག་ཆ་གལ་ཆེན་དང་ཁྲིམས་སྐྱོང་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་བརྟེན་ས་གལ་ཆེན་ཞིག་རེད།ད་ཆ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་རྒྱུ་དེ་ཐག་གཅོད་རང་བཞིན་གྱི་དུས་མཚམས་སུ་སླེབས་པ་དང་སྒྱུར་བཅོས་དེ་འགག་སྒྲོལ་དུས་མཚམས་དང་གཏིང་ཟབ་དུས་མཚམས་སུ་སླེབས་པས་ང་ཚོར་འཕྲད་པའི་སྒྱུར་འཕེལ་བརྟན་གསུམ་བཅས་ཀྱི་ལས་འགན་ལྕི་ཚད་དེ་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པ་དང་།འགལ་བ་དང་།ཉམས་ཉེན།འགྲན་སློང་བཅས་མང་བ་དེའང་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པར་བརྟེན་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ཁྲོད་ཁྲིམས་ལྟར་རྒྱལ་སྐྱོང་གི་གནས་བབ་སྔར་བས་མངོན་གསལ་དོད་དུ་དང་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུ་དེ་རང་རེའི་ཏང་གིས་སྲིད་སྐྱོང་རྒྱལ་དར་ཡོང་བ་བྱེད་པ་དང་འབྲེལ་བ་ཡོད་པ་དང་།མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་དང་འབྲེལ་བ་ཡོད་པ།ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པ་བཅས་རེད།རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་།སྤྱི་ཚོགས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་ཆེ་རུ་གཏོང་བ།སྤྱི་ཚོགས་ཀྱི་གཞུང་དྲང་དང་དྲང་བདེན་ལ་སྐུལ་འདེད་གཏོང་བ།སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔར་བས་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་མདུན་ལམ་རྒྱུན་ཆད་མེད་པར་གསར་འབྱེད་བྱེད་པར་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བ་དང་སྔར་བས་ལེགས་པའི་སྒོ་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱི་འདོམས་དང་།སྤྱི་ཚོགས་ཀྱི་ཁེ་ཕན་དོ་སྙོམས།སྤྱི་ཚོགས་ཀྱི་འབྲེལ་བ་སྙོམས་སྒྲིགསྤྱི་ཚོགས་ཀྱི་བྱ་སྤྱོད་ཚད་ལྡན་བཅས་ཡོང་བ་བྱས་ནས་རང་རྒྱལ་གྱི་སྤྱི་ཚོགས་དེ་འཕོ་འགྱུར་གཏིང་ཟབ་ཁྲོད་སྐྱེ་སྟོབས་ཀྱི་དཔལ་འབར་ལ་གོ་རིམ་ཡང་ལྡན་པ་ཡོང་བ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་།ཆབ་སྲིད་དྭངས་གཙང་།རིག་གནས་དར་རྒྱས།སྤྱི་ཚོགས་གཞུང་དྲང་།སྣོད་བཅུད་བཟང་བ་བཅས་ཡོང་བ་བྱེད་པ་དང་རང་རྒྱལ་གྱི་ཞི་བདེ་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས།
        “བཅའ་ཁྲིམས་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་འགོ་འཛུགས་ས་ཞིག་རེད” དེང་དུས་ཀྱི་ཀྲུང་གོར་ཁྲིམས་སྐྱོང་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་འདུ་ཤེས་དང་སྤྱི་ཚོགས་ཀྱི་ཐུན་མོང་དད་མོས་ཤིག་ཏུ་འགྱུར་བཞིན་ཡོད།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་རྒྱལ་ཁབ་ཕྱི་ནང་ལ་ང་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་སྐྱོད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་བྱ་རྒྱུ་དེ་གཞི་འཛིན་ས་གཙོ་བོར་བྱས་ནས་ཁྲིམས་སྐྱོང་གི་ལམ་བུའི་ཐོག་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་གི་ཀྲུང་གོ་ཞིག་འཛུགས་སྐྱོང་བྱ་ཕྱིར་འབད་འཐབ་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།