འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་20ཉིན།
མི་དམངས་དྲ་བ།

༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་གིས་གངས་རིན་པོ་ཆེ་དང་
མ་ཕམ་གཡུ་མཚོར་གནས་མཇལ་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་19ཉིན། 08:45】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

 
༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་གིས་གངས་རིན་པོ་ཆེ་དང་
མ་ཕམ་གཡུ་མཚོར་གནས་མཇལ་གནང་བ།
    མི་དམངས་དྲ་བའི་འཕྲིན། ས་བབ་མཐོ་ཚད་སྨི་6656ཡོད་པའི་གངས་རིན་པོ་ཆེ་ནི་རྒྱ་གར་ཆོས་ལུགས་དང་། བོད་བརྒྱུད་ནང་བསྟན། བོན་ཆོས་བཅས་ཀྱི་གནས་རི་གལ་ཆེན་ཡིན་པ་མ་ཟད། འཛམ་གླིང་གི་ལྟེ་བ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། ཟླ་8ཚེས་14ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་ས་མཚམས་ནང་ཡོད་པའི་གངས་རིན་པོ་ཆེར་གནས་མཇལ་དུ་ཕེབས། གནས་རིར་མ་མཇལ་གོང་པཎ་ཆེན་རིན་པོ་ཆེ་གངས་རིན་པོ་ཆེའི་ལ་གཤམ་དུ་ཡོད་པའི་ཆོས་སྐུ་དགོན་དུ་གནས་གཟིགས་སུ་ཕེབས་པ་དང་། དགོན་པའི་འདུ་ཁང་ནང་པཎ་ཆེན་རིན་པོ་ཆེས་ལག་ཟུང་ཐལ་མོ་སྦྱར་ནས་རྒྱལ་སྲིད་བདེ་ཞིང་འགྲོ་ཀུན་བདེ་བ་དང་། ཆར་ཆུ་དུས་སུ་འབབ་པ། ལོ་ཕྱུགས་རྟག་ཏུ་ལེགས་པའི་ཞལ་འདོན་དང་ཐུགས་སྨོན་གནང་བ་རེད།
    ཟླ་8ཚེས་15ཉིན་པཎ་ཆེན་རིན་པོ་ཆེ་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་ས་མཚམས་ནང་ཡོད་པའི་བོད་ཀྱི་གནས་མཚོ་ཆེན་པོ་གསུམ་གྱི་ཡ་གྱལ་མ་ཕམ་གཡུ་མཚོར་གནས་སྐོར་གནང་། གནས་སྐོར་གྱི་ལམ་བར་དུ་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་བ་དང་འབྲེལ་གནས་མཚོའི་འགྲམ་དུ་ཆགས་པའི་སེ་བ་ལུང་དགོན་དང་། ཁྲུས་སྒོ་དགོན། འགོ་ཚུགས་དགོན་བཅས་ལ་གནས་མཇལ་གནང་། དེ་མིན་མ་ཕམ་གཡུ་མཚོའི་ནུབ་ཏུ་ཆགས་པའི་བོད་བརྒྱུད་ནང་བསྟན་རྙིང་མའི་དགོན་སྡེ་བྱིའུ་དགོན་དུ་ཡོད་པའི་གུ་རུ་རིན་པོ་ཆེའི་སྒྲུབ་ཕུག་དང་བྱིའུ་དགོན་གྱི་འདུ་ཁང་སོགས་ལའང་གནས་མཇལ་གནང་བ་རེད།
    ཟླ་8ཚེས་16ཉིན་པཎ་ཆེན་རིན་པོ་ཆེ་མཆོག་བོད་བརྒྱུད་ནང་བསྟན་ས་སྐྱ་བའི་དགོན་སྡེ་འཁོར་ཆགས་གཙུག་ལག་ཁང་དུ་གནས་མཇལ་དུ་ཕེབས། འཁོར་ཆགས་དགོན་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་ས་མཚམས་ནང་ཡོད་པ་དང་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྤྱི་ལོ་996ལོར་བཞེངས་པ་རེད། སྔ་དྲོའི་ཆུ་དགུ་ཡས་མས་སུ་པཎ་ཆེན་རིན་པོ་ཆེ་དང་བཅས་པ་འཁོར་ཆགས་དགོན་དུ་ཕེབས་ནས་འདུ་ཁང་དང་། ཚོགས་ཆེན། སྒྲོལ་མ་ལྷ་ཁང་། བྱམས་པ་ལྷ་ཁང་། མགོན་ཁང་བཅས་སུ་རིམ་པས་གནས་གཟིགས་གནང་རྗེས་པཎ་ཆེན་རིན་པོ་ཆེ་མཆོག་འདུ་ཁང་དུ་ཡོད་པའི་བཞུགས་ཁྲིའི་ཐོག་བཞུགས་ཏེ་གྲྭ་དམངས་དང་མཉམ་དུ་ཞལ་འདོན་གནང་བ་རེད། ཞལ་འདོན་མཇུག་འགྲིལ་རྗེས་པཎ་ཆེན་རིན་པོ་ཆེ་མཆོག་གིས་འདུ་ཁང་མདུན་དུ་སྔ་ས་ནས་སྒུག་བསྡད་ཡོད་པའི་སེར་སྐྱ་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་བ་རེད་དོ།
  

ཕྱོགས་བསྡུས་གསར་འགྱུར།