འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་20ཉིན།
མི་དམངས་དྲ་བ།

༄༅།།དྲུག་པ་ཚེས་བཞིའི་སྲོལ་རྒྱུན་དུས་ཆེན་ངོ་སྤྲོད་རགས་བསྡུས།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་01ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

 
    བོད་ཟླ་དྲུག་པའི་ཚེས་བཞི་ནི་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོས་རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ལ་མ་བབས་བར་རེ་ཞིག་མི་སྨྲ་ནགས་ཀྱི་དབྱིངས་སུ་བཞུགས་པ་དང་། ལྷའི་རྒྱལ་པོ་ཚངས་པ་དང་། བརྒྱ་བྱིན་གྱིས་གསེར་གྱི་འཁོར་ལོ་རྩིབས་སྟོང་འབར་བ་དང་། ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་ཏེ་ཆོས་འཁོར་བསྐོར་བར་སྐུལ་བའི་གསོལ་བ་བཏབ་པ་ན་ཟླ་བ་དྲུག་པའི་ཚེས་བཞི་ཉིན་དུས་ལ་བབས་པར་གཟིགས་ནས་ཡུལ་ཝ་རྭ་ན་སིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཕེབས་ནས་འཁོར་ལྔ་སྡེ་བཟང་པོ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ཐོག་མར་བསྐོར་བའི་དུས་ཆེན་ཁྱད་འཕགས་ཅན་ལ་བརྟེན་ནས་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་པའི་ཆེད་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དང་། ར་མོ་ཆེ། རྩེ་འཕགས་མཆོག་ལོ་ཀེ་ཤ་ར།  རྒྱུད་གྲྭ་སྟོད་སྨད། སེ་འབྲས་དགའ་གསུམ་སོགས་དགོན་ཁག་ལ་བསྙེན་བཀུར་མང་འགྱེད་འབུལ་ཞིང་། དད་གུས་དག་སྣང་ཆེན་པོས་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་བཟང་པོ་གསོག་པའི་རྣམ་དཀར་གྱི་ལས་སུ་བརྩོན་པ་དང་།   དེ་བཞིན་གཙུག་ལག་ཁང་གི་བར་ཁང་ཆོས་རྒྱལ་སྲོང་བཙན་ང་འདྲ་གསུང་བྱོན་མའི་སྤྱན་སྔར་མཆོད་འབུལ་གཟབ་རྒྱས་དང་འབྲེལ་འཁྲུང་ཕུད་རྒྱས་པ་ཕུལ་གྱི་ཡོད་པ་དང་། གོང་གསལ་ཆོས་རྒྱལ་སྐུ་དུས་ཀྱི་འཁྲུངས་བན་འདི་བཞིན་སྔར་གྱི་གསུང་རྒྱུན་ལ་ཆོས་རྒྱལ་སྐུ་བད་རྒྱས་ཚུལ་བཞེས་ཏེ་འཁྲུངས་བན་རྩེ་ཕོ་བྲང་ཡང་སྟེང་ནས་བསྐྱུར་གནང་བས་ཞོལ་གྱི་རྡོ་རིང་ཕྱི་མར་སྐྱོན་མེད་བབས་པའི་ལོ་རྒྱུས་ཡོད་པ་དང་། ཆོས་རྒྱལ་གྱི་སྐུ་མདུན་བར་ཁང་དུ་ཡོད་པའི་དངུལ་དམ་རྟ་མགོ་ཅན་འདི་ཉིད་གར་པའི་རི་ལ(རྔ་ཆེན་གློག་ཁང་འགྲམ)གཏེར་དུ་སྦས་པ་དུས་ཕྱིས་ཁམས་གསུམ་འགྲོ་བའི་བླ་མ་རྗེ་ཙོང་ཁ་པ་ཆེན་པོས་གཏེར་ནས་བཞེས་ཤུལ་ད་ལྟའང་བྲག་གི་ངོས་ལ་འཁྲུངས་བན་གྱི་རྗེས་ཤུལ་གསལ་དོད་ཡོད་པ་དང་། དེའི་ཉིན་ལྷ་སའི་ཉེ་འཁོར་གྱི་རི་ཁྲོད་ཁག་ལ་གནས་མཇལ་དུ་ཕྱིན་ནས་ཕྱིར་ལོག་སྐབས་བར་བསྐོར་ནས་སེ་འབྲུམ་དང་། གམ། ཁམ་བུ་བཅས་ཀྱི་རྒྱན་ཆས་གྱོན་ཞིང་བྱིན་རླབས་ཀྱི་ཚུལ་དུ་ངོམས་བཞིན་སྒོར་གཞས་ལ་སོགས་པ་རྒྱག་སྲོལ་ཡོད་པ་རེད།
  

ཕྱོགས་བསྡུས་གསར་འགྱུར།